ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ཕུལ་བའི་མཛད་འཕྲིན་མདོར་བསྡུས།

འབྲེལ་བའི་སྒོ་ནས་མ་ཡིན་ཡོན་ཏན་གྱིས། །

བཅོས་མའི་ཟོལ་གྱིས་མ་ཡིན་ཡང་དག་སེམས། །

མཐོ་བའི་ངོ་བསྟོད་མ་ཡིན་ཉམ་ཆུང་འགྲོར། །

བྱམས་བརྩེའི་ཐུགས་རྗེས་བསྐྱངས་དེར་སུས་མི་གུས། །

བཀས་བཀོད་རྒྱུད་འཛིན་སྨག་མུན་མཐར་བསྐྲད་ཀྱང་། །

མ་རྩ་རུལ་སུངས་ན་བུན་ཆེར་དཀྲིགས་པར། །

མ་བཟོད་སྤྱི་ཚོགས་རིང་ལུགས་ཟེར་བརྒྱའི་འོད། །

འབྱེད་ལ་འཐབ་པའི་མཛད་འཕྲིན་བརྗོད་ལས་འདས། །

བདུན་པའི་ཚེས་གཅིག་སྐྱ་རེངས་གཏོང་ལ་ཉེ། །

ཏང་གི་འཁྲུངས་སྐར་རྟ་བདུན་འཕགས་ལ་རིངས། །

ལོ་འཁོར་བརྒྱ་ཕྲག་སོན་པའི་བཤུལ་ལམ་གྱི། །

རྣམ་པར་རྒྱལ་བའི་མཛད་འཕྲིན་བརྗོད་སྤོབས་སམ། །

ལགས་ཀྱང་དྲིན་ཅན་དྲིན་དུ་བསྔགས་པའི་གཤིས། །

མི་ཁོགས་སྙིང་དབུས་བརྡོལ་བའི་དབྱངས་ཀྱི་རྟ། །

ཚོར་རྣོན་སྨྱུག་རྩེར་བསྟར་བའི་ཡི་གེའི་བརྙན། །

མདོར་བསྡུས་ཚིགས་བཅད་ཕྲེང་བར་བརྒྱུས་ཏེ་འབྲི། །

ཐུན་མིན་གཞན་ལས་འཕགས་པའི་ཤིང་རྟའི་སྲོལ། །

བཏོད་མཁས་མར་ལེ་རིང་ལུགས་དགོངས་པའི་མཁར། །

ཀྲུང་གོ་གུང་ཁྲན་ཉིན་བྱེད་དྲངས་པའི་ཐུགས། །

ཡང་དག་གཞུང་ལུགས་ཐོས་པའི་མཛད་འཕྲིན་ཡིན། །

རབ་བྱུང་བཅོ་ལྔའི་ལྕགས་མོ་བྱ་ཡི་ལོར། །

བློ་མཐུན་མའོ་ཙེ་ཏུང་སོགས་དཔའ་མཛངས་འགས། །

ཀྲེ་ཅཱང་མཚོ་གྲུ་ཞིག་ཏུ་འདུན་མ་བསྡུས། །

ཏང་ཉིད་དངོས་སུ་བཙུགས་པའི་མཛད་འཕྲིན་ཡིན། །

རྣོ་ངར་ཟོར་བས་ཞིང་པ་མཚོན་པ་དང་། །

ལྟག་གཉིས་ཐོ་བས་མཚོན་པའི་བཟོ་བའི་རིས། །

བསྣོལ་མར་བཀྲ་བའི་དཔའ་བོའི་ཁྲག་མཚོན་དར། །

གདོང་མཆོངས་ཀ་བར་བསྒྲེངས་པའི་མཛད་འཕྲིན་ཡིན། །

རབ་བྱུང་བཅུ་དྲུག་མེ་མོ་ཡོས་ཀྱི་ལོའི། །

བརྒྱད་པའི་ཚེས་གཅིག་ཉིན་ལ་ཀྲོའུ་ཨེན་ལེས། །

ནན་ཁྲང་འོས་ལངས་མདའ་སྐད་ཐོག་མར་བསྒྲགས། །

གོ་མིན་ཏང་ལ་རྒོལ་བའི་མཛད་འཕྲིན་ཡིན། །

ལོ་དེའི་ཟླ་བ་དགུ་པར་མའོ་ཙེ་ཏུང་། །

སྟོན་བསྡུ་འོས་ལངས་ཕམ་སྟེ་ཅིན་ཀཱང་རིར། །

གནས་གཞིར་བཟུང་སྟེ་གསར་བརྗེའི་མེ་རོ་གསོས། །

ཞིང་གྲོང་གྲོང་ཁྱེར་འཇོམ་འདོད་མཛད་འཕྲིན་ཡིན། །

རབ་བྱུང་བཅུ་དྲུག་ཤིང་ཕོ་ཁྱི་ལོ་ནས། །

ལོ་ངོ་གཉིས་ཀྱི་རྒྱང་སྐྱོད་འཐབ་ལམ་བསྙེགས། །

དཀའ་སྡུག་ལོ་ཟླ་མིག་ཆུས་བཀྲུ་སླ་མིན། །

རྒྱང་སྐྱོད་གཡུལ་ལས་རྒྱལ་བའི་མཛད་འཕྲིན་ཡིན། །

ཞི་ཨན་དུས་འགྱུར་རྒྱལ་གཅེས་མཐུན་སྒྲིལ་གྱིས། །

ལོ་ངོ་བརྒྱད་ཀྱི་ནང་འཁྲུག་ལེགས་འདུམ་མཛད། །

ལུའུ་ཏིང་ཟམ་པའི་དུས་འགྱུར་རྡུལ་འཚུབ་བསྐྱིལ། །

བཙན་རྒྱལ་ཕྱི་དགྲར་རྒོལ་བའི་མཛད་འཕྲིན་ཡིན། །

རབ་བྱུང་བཅུ་དྲུག་མེ་མོ་ཕག་ལོ་ནས། །

ས་མོ་གླང་ལོའི་བར་དུ་བཅིངས་འགྲོལ་གྱི། །

འབོད་སྐུལ་ཁྲོད་དུ་ཅང་ཚང་རྨེག་མེད་བཅོམ། །

གསར་བརྗེ་རྒྱལ་ཁ་ཐོབ་པའི་མཛད་འཕྲིན་ཡིན། །

མི་རིགས་ང་དྲུག་མེ་ཏོག་ང་དྲུག་ཅེས། །

སྐྱེད་མོས་ཚལ་ཡངས་གཅིག་ཏུ་ཁྱིམ་ལྟར་བསྡུས། །

རང་དབང་འདྲ་མཉམ་འཆམ་མཐུན་བསྐྲུན་པའི་དཔལ། །

མ་ལུས་བཅིངས་གྲོལ་ཐོབ་པའི་མཛད་འཕྲིན་ཡིན། །

བཙན་གཉོམ་བར་རི་རྡུལ་དུ་བརླགས་པ་དང་། །

ས་ཞིང་ཕྱུགས་རིགས་ཚོགས་སྤྱིའི་འབངས་ལ་དབང་། །

གྲལ་རིམ་འཐབ་རྩོད་ཁྲོད་དུ་འཕེལ་རྒྱས་ཀྱི། །

བཞུད་ལམ་རྙེད་པ་ཞི་བདེའི་མཛད་འཕྲིན་ཡིན། །

སྤྱི་ཚོགས་རིང་ལུགས་ཡོངས་འདུའི་དཔག་བསམ་ལ། །

ཁྱད་ཆོས་ལྡན་པའི་སྲིད་ཇུས་འབྲས་ལྡན་རལ། །

ཁོ་ལག་རྫོགས་པའི་ཕུན་ཚོགས་ལོངས་སྤྱོད་དཔལ། །

བཅོས་བསྒྱུར་སྒོ་འབྱེད་སྟོབས་ཀྱི་མཛད་འཕྲིན་ཡིན། །

ཚན་རྩལ་གློག་རྡུལ་འཕུར་གྲུའི་རྩེད་གཡེང་རྒོད། །

བཟོ་ཞིང་འཕྲུལ་འཁོར་སྟོབས་ཀྱིས་ཁ་ལོ་བསྒྱུར། །

རྒྱལ་སྲུང་གཞན་སྙིང་འགས་པའི་ཟིལ་ཤུགས་ངོམ། །

དེང་རབས་ཅན་བཞི་བསྐྲུན་པའི་མཛད་འཕྲིན་ཡིན། །

ཆབ་སྲིད་གསེར་རིའི་ཕྲེང་བར་ལྷམ་མེ་བར། །

དཔལ་འབྱོར་ལོངས་སྤྱོད་ཉ་རྒྱས་ཟླ་ལྟར་རྒྱས། །

རིག་གནས་སྣང་བྱེད་བཀྲ་བའི་གཟི་བྱིན་འབར། །

ཆབ་དཔལ་རིག་གསུམ་སྤེལ་བའི་མཛད་འཕྲིན་ཡིན། །

གྲོང་སྡེ་གསར་པ་སུམ་རྩེན་འཕོས་པའི་གཞིར། །

དབུལ་ཐར་དམངས་ཀྱི་འཚོ་བ་ལྷ་ལ་འགྲན། །

རླབས་ཆེན་བསྐྱར་དར་དགོངས་གཞི་མཁའ་དང་མཉམ། །

ལོ་བརྒྱའི་ཐོད་བརྒལ་ཀློང་གི་མཛད་འཕྲིན་ཡིན། །

འདི་ལྟར་ཡང་དག་ཏང་ལགས་སྐུ་བལྟམས་ཏེ། །

སྔོན་མིན་ལོ་བརྒྱའི་འཁྲུངས་སྐར་འཕོས་པའི་ཆར། །

དགྱེས་བསུའི་ངག་རིག་མེ་ཏོག་རྒོད་པ་འདིས། །

མ་འོངས་མེས་རྒྱལ་སྔར་བས་འཕེལ་གྱུར་ཅིག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།