ཀྲུང་གོ་བོད་ཀྱི་དྲ་བ།

ཚོར་བའི་ཀློང་ན་བརྗིད་པའི་ཏང་གི་གཟི་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྐལ་བཟང་བཀྲ་ཤིས།   སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་ཆེན་འོད་དུ་སྙེམས་པའི་ནམ་མཁའ་གཡུ་ཡིས་ལན་བརྒྱར་ཕྱིས་འདྲའི་སྔོ། །

གཡུ་འབྲུག་ཟོལ་ལ་རྔམ་པའི་སྟོབས་ཀྱིས་ཕྱི་ནང་ཟིལ་ཤུགས་མདངས་སུ་རྒྱས། །

ཕན་བདེ་དཔྱིད་ཀྱི་རྨི་ལམ་འཁོར་བའི་ལོ་བརྒྱའི་ཆུ་རྒྱུན་བར་མེད་བརྡོལ། །

མཐོ་སྒང་འདི་རུ་མི་བརྗེད་དྲིན་གྱི་བསྟོད་ཚིག་མེ་ཏོག་འབུལ་ལ་རངས། །

ལུགས་གཉིས་གསེར་གྱི་འཁོར་ལོས་བསྒྱུར་པའི་མུན་སེལ་འཇིག་རྟེན་དཔལ་དུ་མཛེས། །

ལོག་སྤྱོད་དགྲ་སྡེའི་རྣོ་ངར་མཆེ་སྡེར་སྐད་ཅིག་ཐལ་བའི་རྡུལ་དུ་བརླགས། །

དམར་པོའི་དཔུང་གི་མེ་ལྕེ་མཆེད་པའི་སྲིད་བྱུས་འོད་སྣང་ཀུན་ལ་ཁྱབ། །

གསར་བརྗེའི་དཔུང་ཤེད་ཐོད་དུ་བཀུར་བའི་རླབས་ཆེན་མཛད་རྣམ་སྲིད་ན་སྙན། །

དམངས་ལ་བྱམས་པའི་འོད་ཞགས་རེ་རེ་བསྐལ་བའི་མཐའ་ལ་ཡུན་གྱིས་བསྲིངས། །

ཞིང་ཕྱུགས་དཔྱ་ཁྲལ་རྨེག་མེད་བཟོས་ཏེ་དུས་ཀྱི་ལང་ཚོའི་དཔལ་ཡོན་དར། །

བདེ་བའི་རི་གྲོང་གཉིད་ལས་སད་པའི་དགའ་སེམས་སྐྱིད་གླུ་མཐོངས་སུ་ཟུག །

ལོ་རབས་གཙང་ཆེན་ཐོལ་གྱིས་བརྒལ་ཏེ་འཛིན་མའི་ང་རྒྱལ་གཏོར་སྙམ་བྱེད། །

སྲོལ་གྱི་ནམ་མཁའི་མཛེས་སྡུག་སྟོང་ཕྲག་སྲོག་གི་ཐག་པར་ཁད་ཀྱིས་བརྒྱུས། །

མེས་པོའི་ཕྱི་ཚུགས་རབ་ཏུ་ངོམ་པའི་གླུ་དང་གར་གྱི་རྒྱ་མཚོ་འཁྱིལ། །

རྟ་རྒྱུག་མདའ་འཕེན་རྩལ་གྱི་སྒྱུ་འཕྲུལ་ཚེ་འདིའི་རྒྱན་དུ་ཡང་ཡང་སྤུད། །

དམངས་ཀྱི་རིག་གནས་ངོ་མཚར་ཀློང་ན་ཉི་ཟླ་སྐྱེངས་པའི་ཚུལ་དུ་བྱེར། །

རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་མོས་ངམ་གནག་འདྲེ་སྲིན་ཟིལ་གྱིས་མནན། །

དཔོན་ངན་ཁྱི་སྤྱང་དམ་ལ་བཏགས་ཏེ་སྤྱི་ཚོགས་བདེ་བའི་རྨི་ལམ་མཛེས། །

ནག་འཇོམས་ངན་སེལ་རྩ་ནས་བཅོམ་ཞིང་སྐྱིད་ཀྱི་སྒོ་གླེགས་ཡངས་མོ་ཕྱེ། །

ཞི་བདེའི་ལམ་བུ་ཁོད་དུ་སྙོམས་པའི་སེམས་ཀྱི་བདེ་བ་གཞས་སུ་བཏབ། །

ཉིན་བྱེད་འོད་ཀྱི་འཛུམ་བག་རྒོད་པའི་རི་ལུང་ཐང་གསུམ་ཁྲུས་སུ་གསོལ། །

ནུས་མེད་རྒྱུ་མེད་དུད་ཁྱིམ་རེ་ལ་ལྷ་ཀླུའི་ལོངས་སྤྱོད་ཅི་དགར་མྱངས། །

བསིལ་རིའི་ཞིང་ན་ཐོལ་གྱིས་ལྡང་བའི་ན་ཟུག་སྨུག་ལོང་རིང་དུ་ཡལ། །

དབུལ་སྒྲོལ་ལམ་བུ་འདམ་དུ་མ་བརྫིས་ཕ་གཞིས་གསེར་གྱི་ཞིང་ལ་འགྲན། །

ཚེ་སྲོག་ལྷགས་པའི་འཁྱག་ཏུ་མ་ཟིན་འཆི་བདག་ཞགས་ལས་མྱུར་དུ་ཐར། །

གསོ་བྱེད་ཉི་མའི་དྲོད་ལ་བསྙེས་ཏེ་འགྲོ་དྲུག་སྐྱོབ་པའི་སྙིང་རྗེ་ཕྱུག །

མི་ལུས་རིན་ཆེན་སྲོག་ཏུ་འཛིན་པར་ལྷ་རྗེ་སྟོང་གི་མི་གཤིས་མཛེས། །

དམངས་ཀྱི་སྡུག་བསྔལ་རྩ་ནས་འབྱིན་པའི་དྲིན་གྱི་ཉི་འོད་མཁའ་རུ་འཚེར། །

བྱིས་བློའི་ཕུགས་འདུན་རྩལ་དུ་སྤྲུགས་པའི་དུས་ཀྱི་ནམ་མཁའི་ཡོ་ལང་རྒོད། །

མཁས་བརྒྱ་འགྲན་གླེང་གཙུག་ཏུ་འཛུམ་པའི་ཤེས་རིག་སྐར་ཚོགས་ཆེམ་ཆེམ་འཕྲོ། །

རྣམ་དཔྱོད་གསེར་གྱི་སྒོ་མོ་ཕྱེ་སྟེ་ཤེས་བྱའི་བདུད་རྩི་ཧུབ་ཀྱིས་འཐུང་། །

མ་འོངས་སློབ་གསོའི་འཕྲིན་ལས་རེ་རེ་འགོག་མེད་འཕར་རྩའི་རྒྱུན་དང་བསྡོངས། །

སྨྱན་སྦྱོར་སྐུད་དྲས་གླིང་ལྔ་མཚོ་བཞིའི་འབྲེལ་ལམ་ཁྲི་སྟོང་གོང་བུར་བསྒྲིལ། །

ས་སྒང་ཟླུམ་པོའི་ཆ་འཕྲིན་རྩལ་གྱིས་སྒེག་ལྡན་མཛའ་མོ་ཁྱིམ་དུ་བསུས། །

དཔལ་དང་འབྱོར་བའི་སྟོབས་ཀྱི་རོལ་རྩེད་སྒྱུ་འཕྲུལ་སྨིག་རྒྱུའི་ཚོམས་ལ་འཁོར། །

དེང་རབས་ཚན་རྩལ་ལྷ་ལམ་ཡངས་པོས་མི་ཚེ་སྐྱིད་ཀྱི་མགུལ་བར་འཁྱུད། །

གདོད་མའི་གངས་ཀྱི་དབུ་འཕང་མཐོ་ཞིང་དམའ་མོའི་མཚོ་ཡི་འཛུམ་ཤ་དྭངས། །

མེས་པོའི་ཤུལ་རྟེན་མྱུར་སྐྱོབ་རེ་འདུན་འཕར་རྩའི་རྒྱུན་ལྟར་ལྷོག་ལྷོག་གདུས། །

རང་བྱུང་གཏེར་ཁའི་ཕུགས་ནོར་སྟོང་ཕྲག་ཟུངས་ཁྲག་གསར་པའི་བཅུད་དུ་ལྡང་། །

ཁོར་སྲུང་ཁྲོད་ན་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་བཞིན་འཕེལ་ལ་བྲེལ། །

ཐུགས་རྗེའི་གཏེར་གྱི་ཆུ་འཛིན་དཀར་པོ་དུས་ཀྱི་མཁའ་རུ་ལྷོད་ཀྱིས་འཕྱུར། །

ཏང་གི་ལོ་རྒྱུས་བང་རིམ་མཐུག་པོར་རེ་བའི་མིག་ཆུས་བརློན་དུ་སྦངས། །

ཀུན་འདུས་ཤེས་བྱ་ཏོག་ཏུ་སྙེམས་པའི་སྲིད་བྱུས་དར་ཆ་ལྷབ་ལྷུབ་བསྐྱོད། །

སྔོན་གཤེགས་དཔའ་བོའི་མཛད་རྣམ་ཁྲི་སྟོང་མི་འཇིག་རྡོ་རིང་ངོས་སུ་གསལ། །

སྲིད་ཇུས་ལང་ཚོ་ཁོང་ན་འཛུམ་པའི་སྲོག་གི་དབྱངས་ཡིག་བྲང་ལ་བྲབས། །

ལོ་འཁོར་བརྒྱ་ཡི་ལོ་རྒྱུས་ཀློང་གི་གནད་ཀྱི་མེ་ལོང་གདོང་ལ་གཏད། །

ཕུགས་འདུན་སྙུག་རྩེའི་ཚོན་དང་ཚོར་བའི་དྲིན་གྱི་རི་མོ་ཧད་ཀྱིས་བྲིས། །

ཤིས་ཚིག་ཏང་གི་གཟི་བྱིན་འདི་ཡང་བསྐལ་བའི་ཕྱག་གིས་མཆོད་དུ་འཕངས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།