དགའ་མགུའི་པདྨོ།

བརྒྱ་ཕྲག་བགྲང་བྱའི་མྱོང་བ་ནོར་བུའི་སྐྱེས། །

ཀྲུང་ཧྭ་འཛིན་མའི་ཁྱོན་དུ་ལེགས་བྱིན་ཏེ། །

དགེ་མཚན་གསར་པའི་ཉི་མ་འོད་པོ་ཆེར། །

དམངས་སེམས་དགའ་མགུའི་པདྨོ་ཅི་ཡང་སྟོན། །

གང་ཚེ་ཕྱི་དགྲའི་འཚེ་དང་ནང་གི་རྒུད། །

མི་མཐུན་རྐྱེན་མང་སྤྲིན་ནག་རབ་འཁྲུགས་ཀྱང་། །

འདི་ཡི་དཀྱིལ་འཁོར་ཀུན་ཕན་གསེར་ཞུན་ཅན། །

མ་རྙིང་གཞོན་ནུའི་ཚུལ་གྱིས་ཅི་དགར་འཆར། །

ལུགས་བཟང་འདོད་འཇོའི་ལྗོན་པ་རྒྱས་པའི་རྩེར། །

རྣམ་མང་ཕུན་ཚོགས་འབྲས་བུའི་རོ་མཆོག་ལྗིད། །

ཟད་དུ་མེད་པའི་ནོར་བུའི་གཏེར་ཆེན་བཞིན། །

ཀུན་ཏུ་ཁྱབ་པས་ནམ་མཁའི་ཀློང་ཡངས་མཚུངས། །

རྒྱལ་སྲིད་གསེར་བཟང་གདུང་མ་དུས་ཀྱིས་འགྱེལ། །

དཔལ་འབྱོར་འདོད་རྒུའི་གཤིན་ས་ཐན་པས་སྐམ། །

རིག་བྱེད་ཀུན་གསལ་མེ་ལོང་ར་རིས་བསླད། །

རྒུད་གསུམ་ཀློང་ནས་དཔལ་ཁྱོད་སྤོབས་པས་རྒྱས། །

དེ་ལྟའི་སྔོན་རབས་ངོ་མཚར་མེ་ཏོག་ཕྲེང་། །

དུས་གསུམ་བློ་གསལ་མགྲིན་པའི་རྒྱན་དུ་ཆེ། །

གོ་ལའི་ཁྱོན་ན་ཀྲུང་ཧྭའི་ཡུལ་ཁམས་ཞེས། །

རྫོགས་ལྡན་སྣང་བ་འབུམ་ཅན་འོད་རེ་ཆེ། །

ཇུས་བཟང་འདོད་འཇོའི་ནོར་བུ་རིན་བྲལ་འདི། །

ལུགས་བཟང་ཁྱོད་ལུས་ནམ་མཁར་རྟག་ཏུ་རྒྱུ། །

རེ་བཟང་རྫོགས་ལྡན་པདྨའི་ཚལ་ཡངས་ན། །

བཅུད་འཛིན་རྐང་དྲུང་གཤོག་སྒྲ་ཅི་ཡང་སྙན། །

ཆེ་ཆེ་དོན་ཆེན་སྲིད་འབྱོར་ཤེས་རིག་རྒྱས། །

ཆུང་ཆུང་དམངས་སེམས་དགའ་བའི་ཁྱེའུ་རྩེན། །

བརྒྱ་ཕྲག་བགྲང་བྱའི་བྱུང་རབས་འཛད་མེད་ཕྲེང་། །

ས་འདིའི་ཁྱོན་མཐའ་དམིགས་ཀྱང་གཞལ་ཐབས་སྟོངས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།