ཀྲུང་གོ་བོད་ཀྱི་དྲ་བ།

ལོ་བརྒྱའི་འཁྲུངས་སྐར་བསུ་བའི་བསྟོད་གླུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།   སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ན་སྡེ་བཞི་དཔལ་གྱི་རིན་ཆེན་འབྱུང་བའི་གནས། །

སྡེ་འབངས་གསེར་གྱི་མིག་ཅན་དུང་ཕྱུར་བཅུ་བཞི་ཚོགས། །

བདེ་སྐྱིད་རླབས་ཀྱི་རི་མོ་དང་འགྲོགས་རྩེན་པ་ཡི། །

བདེ་དགའི་བཞད་སྒྲ་འབུམ་གྱི་མེ་ཏོག་བཀྲག་ལ་བསྟོད། །

ཤར་གྱི་འཛིན་མའི་མཚོ་ཡི་ལྟེ་བའི་གྲུ་གཟིངས་ནས། །

སྐྱ་རེངས་དང་པོའི་འོད་ཀྱི་གྲོས་ཆེན་བསྡུར་བ་ཡིས། །

མཚར་སྡུག་ངོ་མཚར་སྟོང་ལྡན་ཉིན་མོའི་སྣང་བ་ཆེ། །

འཛིན་མའི་ཁྱོན་འདིར་ཡོངས་སུ་གསལ་བྱས་མངོན་པར་བསྟོད། །

འདྲ་མིན་ཚོགས་ཁག་སྤྲིན་ནག་སྟུག་པོའི་བང་རིམ་དབུས། །

དཔའ་གདེངས་དབྱར་རྔ་ཕྱོགས་བཅུར་སྒྲོག་པའི་གད་རྒྱངས་ཀྱིས། །

ཕྱི་དང་ནང་གི་ངན་དགུའི་དུག་ཅན་རྡུལ་བརླགས་ཏེ། །

གཞན་ཕན་བདུད་རྩིས་འཛིན་མའི་དབུགས་དབྱུང་བྱས་འདིར་བསྟོད། །

རི་བོ་གསུམ་གྱི་རྡུལ་ཕུང་མ་ལུས་དོང་དུ་མནན། །

སྤྲ་སེར་སྤྲེལ་གྱི་སྔོན་ཐོན་མཚོན་ཆ་དུམ་བུར་བཅག །

མི་དམངས་སྟོབས་རྩལ་ལྕགས་རི་ལྷུན་པོའི་ལྟེ་བ་ནས། །

གསར་བརྗེའི་དར་ཆ་དགུང་དུ་དམར་པོའི་མདངས་འཛིན་བསྟོད། །

དཀའ་སྡུག་ཚ་གྲང་གངས་རྡུལ་ལས་ཀྱང་གྲངས་མང་ལ། །

སྙིང་ཤུགས་བརྟན་པོ་རི་རབ་བརྩེགས་པས་དོ་མིན་ཞིང་། །

དམངས་ཀྱི་བདེ་སྐྱིད་སེམས་སུ་འཛིན་པའི་ཐོག་མའི་བློ། །

མི་འགྱུར་མི་ཤིགས་ཕ་ལམ་རྡོ་ལས་སྲ་བརྟན་བསྟོད། །

ལོ་རྒྱུས་རིང་མོའི་བཞུད་ལམ་དོད་པའི་ཞབས་རྗེས་རེར། །

ཁྲག་དང་རྔུལ་གྱི་འགྲོ་གྲོན་རྒྱ་མཚོས་གཞལ་མིན་ལ། །

དེ་བཞིན་དཔའ་དང་རྒྱལ་ཁའི་སྒྲ་དབྱངས་འཛམ་གླིང་གི །

འཛིན་མའི་ཁྱོན་ཀུན་མ་ཁྱབ་མེད་པའི་གྲགས་པ་བསྟོད། །

དུས་དང་མཐུན་པའི་ཇུས་བཀོད་བློ་ཡི་བཅོས་བསྒྱུར་ལྡན། །

དུས་ལས་མ་ཡོལ་བསམ་བློ་གསར་པའི་ཤེས་རབ་འོད། །

དུས་ཐོག་ཆར་བཞིན་དུས་བཞི་ཀུན་ཏུ་ཕན་དང་བདེ། །

དུས་དྲུག་དག་ཏུ་དམངས་ཀྱི་སེམས་སུ་ཡོངས་འཕྲོས་བསྟོད། །

ཨེ་མ་མི་རིགས་ང་དྲུག་མེ་ཏོག་བཞད་པའི་ཚལ། །

སྲིད་དང་རིག་པའི་སྙན་གླུ་ཅི་དགར་གྲག་པའི་སར། །

སྟོབས་དང་འབྱོར་བའི་དབྱར་མཚོ་དགུང་ལ་འགྲན་དང་ལྷན། །

ཏང་གི་འཁྲུངས་སྐར་བཅུ་ཕྲག་བཅུ་ལྡན་ཤར་འདི་བསྟོད། །

བསྟོད་པའི་མེ་ཏོག་ཚིག་གི་སྒྱུ་རྩལ་ཞན་ན་ཡང་། །

བསྟོད་པ་དོན་ལྡན་མིག་མཐོང་ལག་ཟིན་འཕེལ་རྒྱས་ཀྱི། །

རྣམ་པ་གསར་པ་འཛམ་གླིང་མིག་གི་ཀོང་བུ་རུ། །

མངོན་པར་འཁྱིལ་བའི་ངོ་མཚར་སྟོང་ལྡན་ལྷག་ཏུ་བསྟོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།