ཀྲུང་གོ་བོད་ཀྱི་དྲ་བ།

རིག་བྱེད་དབྱངས་ཀྱི་ང་རོ་འཆི་མེད་བདུད་རྩིའི་ཟེགས་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཆང་གཞོན་ནུ།   སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསལ་གསལ་ཟླ་བ་ཕྲག་བརྒྱའི་ཞུན་མ་ལས། །

ལེགས་འཁྲུངས་གླིང་བཞིའི་མུན་ཁམས་ཟ་བ་ལ། །

མི་འཇིགས་གདོང་ལྔ་སྟོང་གི་སྙིང་ཁམས་ཅན། །

ཤེས་རབ་རྡོ་རྗེ་ལྷ་མོས་ཤིས་པ་སྩོལ། །


དེ་ཡང་ལེགས་བཤད་པད་མ་འདབ་སྟོང་ལྡན། །

ཟབ་ཟབ་ཐུགས་ཀྱི་ཆུ་གཏེར་ལས་བཞད་པའི། །

གྲགས་པ་དཀར་པོའི་སྙན་པས་སུམ་རྩེན་གྱི། །

རྣ་བ་བརྒྱད་པར་ངལ་བ་ཅིས་མི་སྟེར། །


ཉི་ཟླ་ཟུང་ཡང་ཁྱུར་མིད་བྱེད་པ་ལྟའི། །

རྣམ་དཔྱོད་ཞལ་སྒོ་ཆེས་ཆེར་གླལ་བ་ན། །

རྣམ་མང་མདོ་རྒྱུད་གཞུང་གི་རྒྱ་མཚོ་ཡང་། །

ཧུབ་ཀྱིས་དྲངས་ཀྱང་མི་ངོམས་ཨེ་མ་མཚར། །


འཆད་པའི་ལྗགས་དམར་གློག་གི་འགྱུ་བ་ཅན། །

རྩོད་པའི་ཤེས་རབ་རལ་གྲི་མཁར་གདེངས་ཚེ། །

མཁས་པའི་ཁྲི་འཕང་འཛིན་ལ་མི་འཇིགས་རྣམས། །

འདར་འདར་ཞེད་པའི་རྐང་པར་རང་ཚུགས་བྲལ། །


མཁས་མཁས་ངག་གི་གཏེར་གྱུར་པཎ་ཆེན་གྱིས། །

ཞུམ་ཞུམ་འཕགས་ཡུལ་ལོ་པཎ་མ་བསྟེན་ཀྱང་། །

དབུ་མ་ཐལ་རང་ལྟ་བའི་དགོངས་པ་ལ། །

དཔལ་ལྡན་ཟླ་བ་གྲགས་པ་གཉིས་པ་བཞིན། །


སྙན་སྙན་སྤྲིངས་ཡིག་དོན་ཀུན་གྲུབ་པ་ཡི། །

ངག་གི་ཟིལ་དངར་ལ་ཆགས་རིག་བྱེད་མཁན། །

ལིང་ལིང་ར་ཡིག་གཉིས་པ་སུ་མ་མྱོས། །

མ་ཁོལ་དབྱངས་ཀྱིས་ཁྱོད་ཟླར་ག་ལ་བཟོད། །


ལེགས་ལེགས་རྟོགས་བརྗོད་གསེར་གྱི་མེ་ཏོག་གི། །

སྙན་པའི་དྲི་ངད་ཕྱོགས་བཅུར་ལྡང་བའི་ཚེ། །

རླུང་ལྟར་གྲགས་པའི་དཔག་བསམ་འཁྲི་ཤིང་ཡང་། །

བསྐྱུར་ཏེ་མེ་ཏོག་རྡུལ་འཛིན་པ་ལ་བྲེལ། །


དེ་ལྟར་ཁྱེད་ཀྱི་གྲགས་པའི་ཕུང་པོ་ནི། །

ཡངས་ཡངས་སྲིད་པ་གསུམ་དུ་ཤོང་མིན་ཡང་། །

མཚར་མཚར་གངས་ཀྱི་ལྗོངས་ཆེན་འདིར་ཤོང་བ། །

ཨེ་མ་བྷོ་ཊའི་ཁམས་འདི་ཤིན་ཏུ་ཡངས། །


བརྗིད་བརྗིད་མཁས་པའི་གསེར་འབྲུག་སྡེར་ལྔའི་ཁྲིར། །

བཞུགས་ལ་མི་ཞུམ་གྲུབ་པའི་མངའ་བརྙེས་པ། །

འཇིགས་འཇིགས་གཞན་སྡེ་ཟིལ་གནོན་བྱེད་པའི་མགོན། །

མ་ཧཱ་པཎ་ཆེན་སྒེའུ་སྟེང་ཞེས་སུ་གྲགས། །


དེ་ལྟར་ཁྱེད་ཀྱི་སྙན་འཕྲིན་སྤྲིངས་ཡིག་དག །

འཇིག་རྟེན་འདི་རུ་ཚངས་སྲས་བང་ཆེན་བཞིན། །

མང་མང་མཁས་པས་བསྔགས་པའི་མེ་ཏོག་ནི། །

ལྷུང་ལྷུང་གང་གཱའི་རྒྱུན་བཞིན་རྒྱུན་ཆད་མེད། །


སིམ་སིམ་ཐོས་འཛིན་ཟུང་གི་བུ་ག་རུ། །

ལྷང་ལྷང་འཇེབས་པ་དྲི་ཟའི་རོལ་མོའི་སྤུན། །

དུང་དུང་བློ་ལྡན་རྨ་བྱ་གཞོན་ནུའི་ཁྱུ། །

མངོན་པར་དགའ་བའི་ཟློས་གར་ཅིས་མི་རྩེན། །


བསིལ་བསིལ་མ་ལ་ཡ་ཡི་དྲི་བཞོན་ལྟར། །

གདུང་གདུང་ངག་གི་ཚ་སེར་སེལ་བ་ལ། །

སྟོན་མཚན་གསར་པའི་ཟླ་བ་གཞོན་ནུ་བཞིན། །

ཡང་ཡང་ངག་རིག་ཆོ་ག་སྤེལ་ལ་མཁས། །


གྲགས་གྲགས་ཆོས་རྒྱལ་དགེ་བའི་དབང་པོའི་ཟླ། །

སྙན་ངག་རྒྱལ་པོའི་ཅོད་པན་འཆིང་བ་པོ། །

དཀའ་དཀའ་འཆད་རྩོད་རྩོམ་པའི་མཐར་སོན་པར། །

ཞུམ་ཞུམ་གུས་ལྡན་སུ་ཞིག་གུས་མི་འགྱུར། །


མཁྱེན་བརྩེ་ནུས་པའི་ཕ་མཐར་སོན་པའི་མགོན། །

བརྗིད་བརྗིད་ཞྭ་དམར་པཎ་ཆེན་མཚན་འཛིན་པ། །

མཐོ་མཐོ་རྒྱལ་བའི་ཡོངས་འཛིན་ཆེན་པོ་དེ། །

དད་པའི་བླ་མར་བསྟེན་པས་མཁྱེན་ཡོན་རྒྱས། །


འཁྲུལ་འཁྲུལ་ཝ་སྐྱེས་རྗེ་ལ་འཛིན་པའི་བློར། །

ངར་ངར་རྒྱ་སྟག་གཞོན་ནུས་མཆེ་བ་གཙིགས། །

རྨོངས་རྨོངས་ཁེངས་པས་མྱོས་པའི་ལག་ལྡན་ཚོགས། །

ཡེ་ཤེས་སེང་གེའི་སྤར་གྱིས་གཞོམ་པར་མཛད། །


རབ་འབྱམས་རྒྱལ་བའི་ཐུབ་བསྟན་འོ་མའི་མཚོར། །

རབ་དཀར་ངང་ངུར་རྐྱལ་རྩལ་ཅི་ཡང་རྫོགས། །

སྔོན་མེད་ལེགས་བཤད་གསར་པའི་མེ་ཏོག་རྒྱན། །

ཕྱོགས་ཀྱི་སྐྱེ་འགྲོའི་རྣ་བ་ཟུང་དུ་མཛེས། །


གསེར་ལྗོངས་ཡུལ་ཏེ་རིག་པ་འབྱུང་བའི་གྲོང་། །

སྔོན་ནས་པཎ་གྲུབ་རྣལ་འབྱོར་མཁའ་འགྲོའི་ཚོགས། །

གསེར་རིའི་ཕྲེང་བཞིན་བྱོན་པ་དགུ་ཆུའི་འགྲམ། །

དགེ་ལྡན་བསྟན་པའི་གདན་ས་གཉིས་པ་ཆགས། །


མདོ་སྨད་བསྟན་པའི་སྒྲུབ་བརྒྱུད་ཤིང་རྟའི་སྲོལ། །

འབྱེད་མཁན་གྲུབ་དབང་སྐལ་ལྡན་རྒྱ་མཚོ་ཆེ། །

དུས་མཐའི་འབྲོམ་སྟོན་རྒྱལ་བའི་དབང་པོ་བཞིན། །

མདོ་སྔགས་བསྟན་པའི་སྲོག་དབང་འཛིན་ལ་དཔའ། །


དེ་ལྟར་སྐལ་ལྡན་བླ་མའི་སྤྱི་གཙུག་ཏུ། །

ཞབས་སེན་འགོད་པར་འོས་པའི་ཡོངས་འཛིན་གྱི། །

མཚན་འཛིན་བློ་གྲོས་བཟང་པོའི་དཔལ་མངའ་བ། །

ཞབས་ཟུང་འཛིན་མའི་ཁྱོན་དུ་ཡང་ཡང་བསྒྱུར། །


རིག་པ་འཛིན་པའི་དྲན་དབང་རྒྱུ་སྐར་ཁྲོད། །

ཁྱེད་ཀྱི་ཞབས་པད་མ་བསྟེན་མ་མཆིས་མོད། །

མར་ནང་དམ་ཆོས་རྡོར་འཆང་སྤྲུལ་བའི་སྐུ། །

ཁྱེད་ཀྱི་ཁོང་པའི་སྙིང་གཅིག་ཁོ་ནར་ངེས། །


དེ་ལྟ་ནའང་གྲགས་པའི་བ་དན་ནི། །

བརྒྱ་བྱིན་དགའ་ཚལ་དུའང་གཡོ་བྱེད་པ། །

འཇིགས་མེད་རིགས་པའི་བློ་གྲོས་ཞབས་དྲུང་དཔལ། །

འཇིགས་བྲལ་ཁྲི་འཕང་བཟུང་བའང་ཁྱེད་ཀྱི་དྲིན། །


རྣམ་བཀྲ་སྒྲ་རྩིས་སྡེབ་སྦྱོར་རིག་པའི་གནས། །

རྣམ་གསལ་སྤྱན་རས་ཟུང་གིས་ཡོངས་གསལ་བ། །

རྣམ་མང་བུ་སློབ་རྐང་དྲུག་འཁྲིགས་འདྲ་བར། །

རྣམ་པར་རིག་པའི་གེ་སར་རྡུལ་དག་འགྱེད། །


རབ་མང་ཀ་ཙན་དབྱངས་ཀྱི་སྒྲ་རིག་ལ། །

རབ་མཁས་ཙནྡྲ་གོ་མི་བྱོན་པ་བཞིན། །

རབ་གསལ་ཐུགས་ཀྱི་ཟླ་བའི་ཆུ་ཤེལ་ནས། །

རབ་བསིལ་ལེགས་བཤད་བདུད་རྩི་ཅི་ཡང་སྦྱིན། །


བློ་བཟང་རྒྱལ་བའི་བསྟན་སྲིད་འགྲིབ་པ་ལ། །

བློ་གྲོས་བཟང་པོས་སླར་ཡང་རབ་སྤེལ་བས། །

བློ་བཟང་དཔལ་ལྡན་མཚན་གྱི་མེ་ཏོག་ནི། །

བློ་ལྡན་རྣམས་ཀྱི་དད་པའི་སྤྱི་བོར་མཛེས། །


ཀུན་ཏུ་རྒྱུ་བའི་དྲང་སྲོང་ཚུལ་ཀྱང་མཛེས། །

ཀུན་ལ་གདམས་པའི་ཡར་ཞུ་མར་བཤད་གཏམ། །

ཀུན་ཏུ་མང་བའི་ལེགས་བཞད་བསླབ་བྱ་ཡིས། །

ཀུན་ཀྱང་མྱ་ངན་མེད་པའི་དཔལ་ལ་འགོད། །


འཁྱོག་འཁྱོག་དབང་ཕྱུག་གཙུག་གི་ཟླ་ཚེས་བཞིན། །

འཁྱོག་འཁྱོག་ངག་གི་རིག་བྱེད་བླ་ན་མཐོ། །

ཡིད་འཕྲོག་དབེན་པའི་རྡོ་རྗེ་འཇིགས་རྫོང་ནས། །

ཡིད་འཕྲོག་བུ་ལ་སྤྲིངས་ཡིག་བང་ཆེན་བཏང་། །


མི་ཕམ་མཚོ་བྱུང་ངག་གི་ལྷ་མོས་ཀྱང་། །

མི་ཕམ་མཚོ་བྱུང་བཞད་པའི་ལང་ཚོ་ལ། །

ངག་གི་བསྒྲུན་ཟླ་གཞན་ནི་མ་མཆིས་ཞེས། །

ངག་གིས་ཡང་ཡང་བཟློ་བ་སུས་མ་ཐོས། །


དགེ་བའི་ལེགས་ཚོགས་བྱེ་བས་བསྐྲུན་པ་ཡི། །

འཇིགས་བྲལ་ངག་གི་སྤོབས་པའི་དཔལ་མངའ་བ། །

འཇིགས་མེད་གདོང་ལྔའི་གད་རྒྱངས་སྒྲོག་པ་ཁྱེད། །

དགེ་བའི་བཤེས་སུ་མི་བསྟེན་བླུན་པོའི་ཕུལ། །


ལམ་ལམ་ཆོས་ཀྱི་ཤེས་བྱའི་སྣང་བརྙན་ཀུན། །

ལམ་ལམ་ཐུགས་ཀྱི་ཨ་དར་ཤས་འཛིན་པ། །

མཁྱེན་མཁྱེན་རྒྱལ་བ་སྲས་ཀྱིས་སྤྲུལ་བའི་སྐུ། །

མཁྱེན་མཁྱེན་ཡོངས་འཛིན་བླ་མས་མཁྱེན་གྱུར་ཅིག །


བརྟན་བརྟན་གཞུང་ལུགས་ས་འཛིན་ཁུར་དུ་ལྕི། །

ལྡེམ་ལྡེམ་མཁྱེན་རབ་སྙེ་མ་ནང་དུ་དུད། །

ལྡེམ་ལྡེམ་གུས་པའི་བརྟུལ་ཞུགས་རབ་འཆང་བའི། །

བརྟན་བརྟན་ཡོངས་འཛིན་འདྲེན་བྱེད་རྒྱན་དུ་ངེས། །


རྒྱས་རྒྱས་ཡོན་ཏན་ཁོ་ལག་ཀུན་ནས་རྒྱས། །

རྒྱས་རྒྱས་མཛད་འཕྲིན་ཆུ་གཏེར་རབ་ཏུ་རྒྱས། །

རྒྱས་རྒྱས་ཐུགས་སྲས་བུ་སློབ་ཡོངས་སུ་རྒྱས། །

རྒྱས་རྒྱས་ལེགས་ཚོགས་ཡར་ངོའི་ཟླ་ལྟར་རྒྱས། །


པད་དཀར་རབ་མཛེས་མཛེས་ལྡན་སྐྱེད་ཚལ་དུ། །

ཐིག་ལེ་རབ་མཛེས་མཛེས་སྡུག་བུང་བ་བཞིན། །

ལྟ་སྤྱོད་ཡོངས་མཛེས་མཛེས་རྫོགས་ཡོངས་འཛིན་དྲུང་། །

བརྩོན་པས་ཤིན་མཛེས་མཛེས་འཛིན་སློབ་བུས་བཀང་། །


ཡིད་འཕྲོག་སྙན་པའི་སྙན་ངག་རོལ་རྩེད་ལ། །

མཁས་པའི་སྙན་པ་སྙན་དབང་དག་གི་གསོས། །

ཚངས་དབྱངས་སྙན་མོ་དཀྲོལ་བའི་སྙན་ངག་ལྷ། །

གཉིས་མེད་སྙན་ངག་སྙན་པ་སྲིད་ན་གཡོ། །


རྣམ་དཔྱོད་མ་དྲོས་མཚོ་མོའི་རྦ་རླབས་རྒྱས། །

འབིགས་བྱེད་ལྷུན་པོའི་སྤུན་བཞིན་སྐུ་སྟོབས་རྒྱས། །

དབྱར་གྱི་རྔ་གསིང་ཇི་བཞིན་སྙན་གྲགས་རྒྱས། །

རྟ་གདོང་མེ་འབར་ལྟ་བུའི་འཕྲིན་ལས་རྒྱས། །


ཟག་མེད་སྒྲིབ་བྲལ་བློ་གྲོས་མེ་འབར་འབར། །

ཟད་མེད་ངག་གི་རིན་ཆེན་འོད་འབར་འབར། །

ཡོངས་འདུས་ལེགས་ཚོགས་འབྲས་བུ་མེ་འབར་འབར། །

རྟོགས་ལྡན་ཡིད་ཀྱི་མེ་ལོང་འོད་འབར་འབར། །


ཡོངས་རྫོགས་གསལ་བྱེད་བསྟན་པ་རྒྱས་པར་བྱེད། །

རྨོངས་མུན་གཞོམ་བྱེད་མཁས་ཀུན་མཛེས་པར་བྱེད། །

ཀུན་ལ་ཕན་བྱེད་ཀུན་ནས་གྲོལ་བར་བྱེད། །

ཡོངས་སུ་གྲགས་བྱེད་ངག་རིག་རྩོམ་པར་བྱེད། །


ཟླ་དཀར་ཞལ་མཛེས་མཛེས་ལྡན་སྐུ་མཛེས་མཛེས། །

ངུར་སྨྲིག་རབ་མཛེས་མཛེས་འཛིན་སྤྱོད་མཛེས་མཛེས། །

ཕྱག་ཕྲེང་ཡོངས་མཛེས་མཛེས་སྡུག་ངག་མཛེས་མཛེས། །

ངག་གི་དཔལ་མཛེས་མཛེས་ལྡན་ཁྱོད་མཛེས་མཛེས། །


རབ་འཕགས་ཉིན་བྱེད་རབ་ཏུ་གསལ་བ་བཞིན། །

རབ་འབྱམས་བསྟན་བཅོས་རབ་མང་གསལ་བར་བྱེད། །

རབ་རྒྱས་ཟླ་བཞིན་རབ་མཁས་སྙན་དངགས་ཀྱིས། །

རབ་མང་མཁས་པའི་ཚོགས་ཀུན་རབ་དགྱེས་བྱེད། །


མཚར་མཚར་ཞྭ་དམར་པཎ་ཆེན་དཔལ་མཚར་མཚར། །

མཚར་མཚར་མདོ་རྒྱུད་གཞུང་གིས་མཚར་མཚར་བྱེད། །

མཚར་མཚར་ཡོངས་འཛིན་སྒེའུ་སྟེང་དཔལ་མཚར་མཚར། །

མཚར་མཚར་ངག་གི་དཔལ་གྱིས་མཚར་མཚར་བྱེད། །


དཀར་མདངས་ལུས་ཀྱི་འཁྲི་ཤིང་ཅི་ཡང་དཀར། །

དཀར་མཛེས་ཚངས་དབྱངས་ལྷ་མོའི་ཞལ་རས་དཀར། །

དཀར་བའི་དབྱངས་ཅན་ཟླ་བ་ཤིན་ཏུ་དཀར། །

དཀར་འཛུམ་ཡོངས་འཛིན་ཀུན་ད་ཀུན་ནས་དཀར། །


ཆེམ་ཆེམ་མེ་དཔུང་བཞིན་དུ་དམར་ཆེམ་ཆེམ། །

ཆེམ་ཆེམ་ངག་གི་མེ་ལོང་འོད་ཆེམ་ཆེམ། །

ཆེམ་ཆེམ་མཛེས་འཛུམ་ཚེམས་ཕྲེང་དཀར་ཆེམ་ཆེམ། །

ཆེམ་ཆེམ་ཐུགས་དགོངས་ཆུ་ཤེལ་གསལ་ཆེམ་ཆེམ། །


འཇིགས་མེད་སྤོབས་པས་འཇིགས་བྲལ་མཁས་རྣམས་འཇིགས། །

འཇིགས་ལྡན་ངག་གིས་འཇིགས་དབེན་སྨྲ་མཁན་འཇིགས། །

འཇིགས་དངངས་ལྡན་རྣམས་འཇིགས་འཇིགས་ཁྱེད་ཀྱིས་འཇིགས། །

འཇིགས་ཟིལ་སྟོབས་ཀྱིས་འཇིགས་རྔམ་ཅན་གཞན་འཇིགས། །


སྙན་སྙན་ཁུ་བྱུག་སྙན་སྙན་སྐད་སྙན་སྙན། །

སྙན་སྙན་པི་ཝང་སྙན་སྙན་དབྱངས་སྙན་སྙན། །

སྙན་སྙན་ཚངས་དབྱངས་སྙན་སྙན་གདངས་སྙན་སྙན། །

སྙན་སྙན་རིག་བྱེད་སྙན་སྙན་ངག་སྙན་སྙན། །


ཡོངས་རྫོགས་རྒྱལ་བསྟན་ནོར་བུའི་ཁུར་བོ་ཆེ། །

ཡོངས་སུ་འདེགས་ལ་ཐལ་དཀར་མཆེ་ལྡན་བཞིན། །

ཡོངས་དག་དྲི་བྲལ་ཐུབ་བསྟན་གསེར་གྱི་གདུགས། །

ཡོངས་སུ་འཛིན་པ་སྒེའུ་སྟེང་པཎ་ཆེན་དཔལ། །


འཛིན་མའི་དབུས་ན་རི་དབང་འབིགས་བྱེད་བཞིན། །

འཛིན་བཟུང་བྲལ་ཏེ་དྲན་དབང་སྟོང་གི་མགོན། །

འཛིན་ལ་མི་འཇིགས་སྙན་དངགས་རྒྱལ་པོའི་ཐོབ། །

འཛིན་མཁན་མ་ཧཱ་པཎ་ཆེན་གྲགས་པ་འབར། །


བློ་གྲོས་མི་ཟད་མཁྱེན་རབ་གཏེར་ཆེན་ལས། །

བློ་ལྡན་ཀུན་ལ་བདུད་རྩིའི་ཟླ་ཟེར་འགྱེད། །

བློ་རྒྱས་ཀུན་གྱིས་བསྔགས་པའི་མེ་ཏོག་ནི། །

བློ་བཟང་ཁྱེད་ལ་མི་འབུལ་རང་དབང་ཅི། །


བཟང་སྤྱོད་མཛད་པས་སྐྱེ་འགྲོའི་དང་བ་འདྲེན། །

བཟང་གསུམ་མཁྱེན་པའི་གཟི་འོད་སུ་ཡིས་བཟོད། །

བཟང་ངན་འཇུག་ལྡོག་དཀར་ནག་ཕྱེད་པའི་བློ། །

བཟང་པོར་ཡོངས་རྟོགས་རྟོགས་ལྡན་གྲུབ་པའི་དབང་། །


དཔལ་ལྡན་ཡོན་ཏན་བྱེ་བའི་མཛོད་འཛིན་པ། །

དཔལ་ཀུན་ཐིག་ལེ་གཅིག་འདུས་རྒྱལ་བའི་སྲས། །

དཔལ་ཆེན་མི་ཡི་གཟུགས་སུ་རྣམ་རོལ་བ། །

དཔལ་ལྡན་བླ་མས་རྟག་ཏུ་སྐྱོངས་གྱུར་ཅིག །


ལྡན་ལུགས་འཁྱུག་བྲིས་པིར་རྩེའི་སྒྱུ་རྩལ་ལ། །

ལྡན་མ་རྩེ་མངས་གཉིས་པ་བྱོན་པ་བཞིན། །

ལྡན་པ་གསུམ་ལྡན་མཁྱེན་བརྩེའི་དཀྱིལ་འཁོར་ཆེ། །

ལྡན་པའི་གྲགས་པ་ཐོས་འཛིན་ཡུལ་ལས་འདས། །


མཚན་དཔེའི་ལང་ཚོ་གསར་པ་འོད་དུ་འབར། །

འབར་བའི་རྟ་གདོང་མེ་བཞིན་ངག་གི་དཔལ། །

དཔལ་ལྡན་ཀུན་གྱི་སྙེམས་པ་གཞོམ་པའི་མི། །

མི་ཕམ་མཚོ་བྱུང་བཞད་པའི་ལང་ཚོ་རྒྱལ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།