ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་འགག་རྡོ་རྗེ་ཚེ་རིང་གི་གླུ་ཚིག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཆབ་འགག་རྡོ་རྗེ་ཚེ་རིང་།   སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

                    དར་རྩེ་མདོ།

           (ཆབ་འགག་རྡོ་རྗེ་ཚེ་རིང་།)

སྤྲིན་དཀར་པད་མའི་འདབ་མ། །

སྦྲང་ཆར་བདུད་རྩི་ཟིལ་མ། །

དེ་རིང་རྟེན་འབྲེལ་འགྲིག་ནས། །

དར་རྩེ་མདོ་ལ་བབས་ཡོད། །

དར་རྩེ་མདོ་གི་བུ་མོ། །

མཛེས་སྡུག་གསེར་གྱི་མེ་ཏོག །

བརྩེ་དུང་འོ་ཇ་ཞིམ་པོ། །

ཡ་ཆུང་ཁོག་ལ་འཁྱིལ་ཡོད། །

རྣམ་ཤེས་ཇ་རྩི་སེར་པོ། །

ཇ་ཕོར་ཞབས་ལ་ཆགས་ཡོད། །

སྐྱེ་བ་གཞུག་མའི་སྨོན་ལམ། །

དར་རྩེ་མདོ་ལ་བཏབ་ཡོད། །


ཨ་སྔོན་འཁོར་ལོ་རྩིབས་བརྒྱད། །

འཇའ་ཚོན་བཀྲ་ཤིས་རྟགས་བརྒྱད། །

དེ་རིང་རྟེན་འབྲེལ་འགྲིག་ནས། །

དར་རྩེ་མདོ་ནས་ཤར་ཡོད། །

དར་རྩེ་མདོ་གི་བུ་མོ། །

མཛེས་སྡུག་གཡུ་ཡི་མེ་ཏོག ། 

ཞེ་འདང་ནས་ཆང་སྔོན་མོ། །

རྩ་ལམ་ནང་ལ་འཐིམ་ཡོད། །

རྣམ་ཤེས་ཆང་རྩི་དཀར་པོ། །

ཆང་ཕོར་ཞབས་ལ་ཆགས་ཡོད། །

སྐྱེ་བ་གཞུག་མའི་སྨོན་ལམ། །

དར་རྩེ་མདོ་ལ་བཏབ་ཡོད། །

        

                གསེར་གྱི་ཉི་ཟླ།

          (ཆབ་འགག་རྡོ་རྗེ་ཚེ་རིང་།)

སྤྱན་མིག་གསེར་གྱི་ཉི་མའི་འོད་ཞག

ལྷ་གླིང་དཀར་པོའི་མཁའ་ལ་འཁྱིལ་ཡོད།

ཨ་ལ།

ཨ་ཇོ་གེ་སར།

ཨ་ཇོ།

གེ་སར་རྒྱལ་པོ།

རྫོང་ཆེན་བཅོ་བརྒྱད་འཕྲུལ་གྱིས་འབེབ་དུས།

མཛད་འཕྲིན་ལས་ཀྱི་རི་མོ་རེ་རེ་ནི།

ལོ་ངོ་སྟོང་གི་ལོ་ཟླའི་དར་རྒུད་ཁྲོད།

བརྗོད་མི་ཚར་པའི་ལོ་རྒྱུས་ཀྱི་སྒྲུང་གཏམ་རེ་རེ་ཡིན།

ཨ་ལ།

ཨ་ཇོ་གེ་སར།

ཨ་ཇོ།

གེ་སར་རྒྱལ་པོ།

ཁྱོད་ནི་ང་ཚོའི་སེམས་གཏིང་ན།

ནམ་ཡང་བརྗེད་ཐབས་མེད་པའི།

སྙན་གྲགས་ཀྱི་རྨི་ལམ་རུམ་མཁན།

གསེར་གྱི་ཉི་མ་གསོན་པོ་དེ་ཡིན་ལོ།


ཞལ་རས་གསེར་གྱི་ཟླ་བའི་འོད་ཞག

དུང་མཚོ་དཀར་མོའི་རླབས་ལ་འཁྱིལ་ཡོད།

ཨ་ལ།

ཨ་ཅེ་འབྲུག་མོ།

ཨ་ཅེ།

སེང་ལྕམ་འབྲུག་མོ།

དགུ་སིང་དྲུག་འགྱུར་གདངས་ལ་འདྲེན་དུས།

ཡིད་འཕྲོག་དབྱངས་རྟ་སྙན་མོ་རེ་རེ་ནི།

ལོ་ངོ་སྟོང་གི་ལོ་ཟླའི་དར་རྒུད་ཁྲོད།

གླེང་མི་ཚར་བའི་བརྩེ་དུང་གི་གཏམ་རྒྱུད་རེ་རེ་ཡིན།

ཨ་ལ།

ཨ་ཅེ་འབྲུག་མོ།

ཨ་ཅེ།

སེང་ལྕམ་འབྲུག་མོ།

ཁྱོད་ནི་ང་ཚོའི་སེམས་གཏིང་ན།

ནམ་ཡང་བརྗེད་ཐབས་མེད་པའི།

མཛེས་སྡུག་གི་རྨི་ལམ་རུམ་མཁན།

གསེར་གྱི་ཟླ་བ་གསོན་པོ་དེ་ཡིན་ལོ།

       

             འབྲོག་པའི་དབྱར་ས།

          (ཆབ་འགག་རྡོ་རྗེ་ཚེ་རིང་།)

ཞོགས་པའི་ཉི་ཟེར། །

མཐོན་པོ་རི་ལ་ཁྲེམས། །

བསང་དུད་སྔོན་མོ། །

ཨ་སྔོན་དགུང་ལ་ཁྱབ། །

དུང་མདོག་སྤྲིན་དཀར། །

འདབ་མ་ཐང་ལ་ལྷུང་། །

རྫ་ཆུ་བསིལ་མས། །

ཝུ་དཀར་ལང་ཚོ་ངོམ། །

འབྲོག་པའི་དབྱར་ས། །

ལྷ་ཡུལ་ལང་ཀྱང་མཛེས། །


གཡུ་ཡི་སྤང་ལྗོངས། །

མཛེས་སྡུག་ཚོན་གྱི་མདངས། །

རྟ་ནོར་ལུག་གསུམ། །

རི་སྐྱེས་མེ་ཏོག་བཞད། །

སྦྲ་དང་རས་གུར། །

སྐར་ཚོགས་ས་ལ་འཕོས། །

དགོ་དགོ་བཞོ་དབྱངས། །

འོ་མའི་དྲི་ལ་ཐིམས། །

འབྲོག་པའི་དབྱར་ས། །

ལྷ་ཡུལ་ལས་ཀྱང་སྐྱིད། །

    

             སྙིང་གི་གྲོགས་གསུམ།

           (ཆབ་འགག་རྡོ་རྗེ་ཚེ་རིང་།)

༼ཁེར་ལེན༽

ཚེ་གཅིག་ལུས་གཅིག་འདི་ལ། །

སྐྱིད་ན་ཇ་ཆང་འཐུང་རོགས། །

སྡུག་ན་སེམས་གཏམ་བཤད་རོགས། །

སྐྱིད་སྡུག་གཉིས་ཀྱི་གྲོགས་པོ། །

འཇིག་རྟེན་ཁྲ་ཁྲ་ཡིན་རུང་། །

སེམས་ཀྱི་ཁྲ་ཁྲ་བསྣོགས་མེད། །

མ་རྙིངས་བརྩེ་འདང་དྭངས་མོ། །

རྨ་ཀླུང་རིང་མོའི་བཞུར་རྒྱུན། །

རྨ་ཆུ་མ་སྐམ་བར་དུ། །

འདང་ལ་འགྱུར་བ་མི་འདུག །


༼མཉམ་ལེན༽

ཨ——།

གྲོགས་པོ།

སྙིང་གི་གྲོགས་པོ།

གྲོགས་པོ་བཀྲ་ཤིས་བདེ་ལེགས། །

ཨ——།

གྲོགས་པོ།

སེམས་ཀྱི་གྲོགས་པོ།

གྲོགས་པོ་ཚེ་རིང་ལོ་བརྒྱ།


༼ཁེར་ལེན༽

ཚེ་གཅིག་ལུས་གཅིག་འདི་ལ། །

སྐྱིད་ན་སྐྱིད་གླུ་ལེན་རོགས། །

སྡུག་ན་མཆི་མ་གཏོང་རོགས། །

སྐྱིད་སྡུག་གཉིས་ཀྱི་གྲོགས་པོ། །

འཇིག་རྟེན་མོག་མོག་ཡིན་རུང་། །

སེམས་ལ་ནག་ཐིག་ལྷུང་མེད། །

མ་བསྙོགས་བརྩེ་འདང་དྭངས་མོ། །

རྫ་ཆུ་བསིལ་མའི་བཞུར་རྒྱུན། །

རྫ་ཆུ་མ་སྐམ་བར་དུ། །

འདང་ལ་འགྱུར་བ་མི་འདུག །


༼མཉམ་ལེན༽

ཨ——།

གྲོགས་པོ།

སྙིང་གི་གྲོགས་པོ།

གྲོགས་པོ་བཀྲ་ཤིས་བདེ་ལེགས། ། 

ཨ——།

གྲོགས་པོ།

སེམས་ཀྱི་གྲོགས་པོ།

གྲོགས་པོ་ཚེ་རིང་ལོ་བརྒྱ། 


༼ཁེར་ལེན༽

ཚེ་གཅིག་ལུས་གཅིག་འདི་ལ། །

སྐྱིད་ན་རྩེད་རོགས་དགོད་རོགས། །

སྡུག་ན་འགྲོ་རོགས་འདུག་རོགས། །

སྐྱིད་སྡུག་གཉིས་ཀྱི་གྲོགས་པོ། །

འཇིག་རྟེན་ཟང་ཟིང་ཡིན་རུང་། །

སེམས་ལ་སེར་ག་ཤོར་མེད། །

 དཀྲུགས་མེད་བརྩེ་འདང་དྭངས་མོ། །

འབྲི་ཆུ་སྔོན་མོའི་བཞུར་རྒྱུན།།

འབྲི་ཆུ་མ་སྐམ་བར་དུ། །

འདང་ལ་འགྱུར་བ་མི་འདུག །


༼མཉམ་ལེན༽

ཨ——།

 གྲོགས་པོ།

སྙི་གི་གྲོགས་པོ།

གྲོགས་པོ་བཀྲ་ཤིས་བདེ་ལེགས། །

ཨ——།

གྲོགས་པོ།

སེམས་ཀྱི་གྲོགས་པོ།

གྲོགས་པོ་ཚེ་རིང་ལོ་བརྒྱ།

         ཆེད་དུ་བྲིས་པའི་གླུ་ཚིག

       

                  མནའ་རུས་པ་ཅན་པོ།

                (ཆབ་འགག་རྡོ་རྗེ་ཚེ་རིང་།)

མནའ་རུས་པ་ཅན་ཞིག་སྐྱེལ་ཡོད། །

རྟགས་རི་མོ་ཅན་ཞིག་བརྗེས་ཡོད། །

ཚེ་སྔོན་མའི་ལས་འཕྲོ་ཆ་ཡིན། །

མཛོ་ཁྱུང་དཀར་མགོ་གི་རྭ་ཡིན། །

རྭ་གོར་མོ་ཆ་འགྲིག་ཡང་འགྲིག །

འུ་གཉི་གའི་སེམས་པ་ཆ་འགྲིག །

སྐྱིད་མི་རྟག་འཁོར་བའི་ནང་ནས། །

གཏམ་མྱི་ཁ་མྱེ་ལྕེ་དམར་པོས། །

སྲོག་གསོན་པོ་མ་ཚིག་བར་དུ། །

སེམས་གསོན་པོ་ཁྱོད་ལ་འཁྲེང་ཡོད། །

མནའ་རུས་པ་ཅན་པོ་འགྱུར་མེད། །

རྟགས་རི་མོ་ཅན་པོ་བསྣོགས་མེད། །


མནའ་རུས་པ་ཅན་ཞིག་སྐྱེལ་ཡོད། །

རྟགས་རི་མོ་ཅན་ཞིག་བརྗེས་ཡོད། །

ཚེ་སྔོན་མའི་ལས་འཕྲོ་ཆ་ཡིན། །

ལྷ་སྒྲོལ་མའི་གདོང་གི་མྱིག་ཡིན། །

མྱིག་ཁྱ་རིལ་ཆ་འགྲིག་ཡང་འགྲིག །

འུ་གཉི་གའི་སེམས་པ་ཆ་འགྲིག །

སྐྱིད་མི་རྟག་འཁོར་བའི་ནང་ནས། །

གཏམ་མྱི་ཁ་མྱེ་ལྕེ་དམར་པོས། །

སྲོག་གསོན་པོ་མ་ཚིག་བར་དུ། །

སེམས་གསོན་པོ་ཁྱོད་ལ་འཁྲེང་ཡོད། །

མནའ་རུས་པ་ཅན་པོ་འགྱུར་མེད། །

རྟགས་རི་མོ་ཅན་པོ་བསྣོགས་མེད། །

      

                           བསྐལ་པ་བཟང་པོ།

                       (ཆབ་འགག་རྡོ་རྗེ་ཚེ་རིང་།)

བཀྲ་ལ་ཤིས་པའི་སྤྲིན་དཀར་གྱི་འདབ་མའི་གསེང་ན།

དཔྱིད་གསུམ་གཡུ་འབྲུག་གི་དགོད་སྒྲ་སྙན་པ་ལ།

གངས་རི་དང་ལྷ་མཚོ་སྔོན་མོའི་ཞིང་ཁམས་ན།

ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་འདི།

ཇེ་མཛེས་ལ་ཇེ་མཛེས་ཡིན་ལོ།

ནང་བཅུད་ཀྱི་སེམས་ཅན་ཐམས་ཅད།

ཇེ་སྐྱིད་ལ་ཇེ་སྐྱིད་ཡིན་ལོ།

རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་པའི་ཁྲོད་དུ།

དགོ་དགོ་བཞོ་དབྱངས་སྙན་མོ་དང་འགྲོག་ནས།

འོ་མའི་དྲི་ཞིམ་ཕྱོགས་བཞི་ལ་ཁྱབ་ཡོད་ལོ།

ཨ་ལ་ཡ་རེ་ལོ།

བསྐལ་པ་བཟང་པོ་རེད་ལོ།

མཛེས་སྡུག་གི་ཁྱིམ་གཞིས་ནང་ནས།

ནམ་ཡང་བདེ་སྐྱིད་འཚོ་བ་ལ་རོལ་ཡོད་ལོ།

ཨ་ལ་ཡ་རེ་ལོ།

བསྐལ་པ་བཟང་པོ་རེད་ལོ།


བཀྲ་ལ་ཤིས་པའི་གསེར་མདོག་གི་ས་གཞིའི་སྟེང་ན།

དབྱར་གསུམ་འཇའ་ཚོན་གྱི་མེ་ཏོག་མཛེས་པ་ལ།

རྨ་ཆུ་དང་འབྲི་ཆུ་སྔོན་མོའི་འགྲམ་བརྒྱུད་ན།

རྒན་མགོ་དཀར་རྣམས་ཀྱི་ཚེ་ཐག

 ཇེ་རིང་ལ་ཇེ་རིང་ཡིན་ལོ།

ཆུང་སོ་དཀར་ཚང་མའི་འདབ་ལག

ཇེ་རྒྱས་ལ་ཇེ་རྒྱས་ཡིན་ལོ།

གྲོ་ནས་སྲན་གསུམ་གྱི་སྙེ་མའི་རླབས་ཕྲེང་ཁྲོད་དུ།

ཨ་ལོང་ལ་མོའི་དབྱངས་རྟ་དང་འགྲོགས་ནས།

ལོ་ལེགས་གླུ་སྒྲ་ཕྱོགས་བཞི་ལ་ཁྱབ་ཡོད་ལོ།

 ཨ་ལ་ཡ་རེ་ལོ།

བསྐལ་པ་བཟང་པོ་རེད་ལོ།

མཛེས་སྡུག་གི་ཁྱིམ་གཞིས་ནང་ནས།

ནམ་ཡང་བདེ་སྐྱིད་འཚོ་བ་ལ་རོལ་ཡོད་ལོ།

ཨ་ལ་ཡ་རེ་ལོ།

བསྐལ་པ་བཟང་པོ་རེད་ལོ།


             སྙིང་གི་དྲན་གདུང་།

         (ཆབ་འགག་རྡོ་རྗེ་ཚེ་རིང་།)

ཁྱོད་ནི་དུང་མདོག་ཟླ་བ།

སྙིང་གི་མཛའ་མོ།

ང་ནི་གསེར་མདོག་ཉི་མ།

འདང་གི་ཐིག་ལེ། 


དགུང་སྔོན་གཅིག་ན་ཡོད་ཀྱང་།

དགུང་གི་ཕ་རོལ་ཚུར་རོལ།

ཐུག་འཕྲད་མེད་པ།

ཆོས་ཉིད་ཡིན་རུང་།

སེམས་ནས་ཁྱོད་ལ་དུངས་ཡོད།

ཨེ་ཐུག་རེ་བ་བཅངས་ཡོད།

སྙིང་གི་མཛའ་མོ།

འདང་གི་ཐིག་ལེ།


ཁྱོད་ནི་གསེར་མདོག་ཉི་མ།

སྙིང་གི་མཛའ་བོ།

ང་ནི་དུང་མདོག་ཟླ་བ།

འདང་གི་ཐིག་ལེ།


དགུང་སྔོན་གཅིག་ན་ཡོད་ཀྱང་།

དགུང་གི་ཕ་རོལ་ཚུར་རོལ།

ཐུག་འཕྲད་མེད་པ།

ཆོས་ཉིད་ཡིན་རུང་།

སེམས་ནས་ཁྱོད་ལ་དུངས་ཡོད།

ཨེ་ཐུག་རེ་བ་བཅངས་ཡོད།

སྙིང་གི་མཛའ་བོ། 

འདང་གི་ཐིག་ལེ། 

   

             གཙང་གསུམ་ལྷ་ཆབ་སྔོོན་མོ།

             (ཆབ་འགག་རྡོ་རྗེ་ཚེ་རིང་།)

རྨ་ཆུ་འབྲི་ཆུ་རྫ་ཆུ། །

གཙང་གསུམ་ལྷ་ཆབ་སྔོན་མོ་ཡིན། །

རྨ་སྟོད་གཡག་རྭ་སྟག་རྩེ། །

རྨ་ཀླུང་རིང་མོའི་འབྱུང་ཁུངས་ཡིན། །

རྟ་རྒྱུག་རྒྱལ་འཇོག་ཐང་ནས། །

དགའ་སྟོན་ཡོ་ལང་ངོམ་ཡོད། །

ཕྱི་ཡི་སྣོད་བཅུད། །

མཛེས་སྡུག་ཚོན་གྱི་རི་མོ་ཡིན། །

ནང་གི་སེམས་ཅན། །

བདེ་སྐྱིད་ལྷ་ཡི་ཞིང་ཁམས་ཡིན། །

ཨ—ཁོ་རེ་ཁམས་པ། །

ཡུལ་འདི་ནི་ང་དང་ཁྱོད་ཀྱི་ཕ་ས་ཡིན། །

ཨ—ཁོ་རེ་ཁམས་པ། །

གནས་འདི་ནི་ཁྱོད་དང་ང་ཡི་ཕ་ཡུལ་ཡིན། །



རྨ་ཆུ་འབྲི་ཆུ་རྫ་ཆུ། །

གཙང་གསུམ་ལྷ་ཆབ་སྔོན་མོ་ཡིན། །

འབྲི་སྟོད་དགེ་ལ་བསྟན་སྟོང་། །

འབྲི་ཆུ་སྔོན་མོའི་འབྱུང་ཁུངས་ཡིན། །

སྐྱ་ལོ་འབྲུག་མོ་ཚང་གི། །

དུང་མཚོ་དཀར་མོ་རྒྱས་ཡོད། །

ཕྱི་ཡི་སྣོད་བཅུད། །

མཛེས་སྡུག་ཚོན་གྱི་རི་མོ་ཡིན། །

ནང་གི་སེམས་ཅན། །

བདེ་སྐྱིད་ལྷ་ཡི་ཞིང་ཁམས་ཡིན། །

ཨ—ཁོ་རེ་ཁམས་པ། །

ཡུལ་འདི་ནི་ང་དང་ཁྱོད་ཀྱི་ཕ་ས་ཡིན། །

ཨ—ཁོ་རེ་ཁམས་པ། །

གནས་འདི་ནི་ཁྱོད་དང་ང་ཡི་ཕ་ཡུལ་ཡིན། །


རྨ་ཆུ་འབྲི་ཆུ་རྫ་ཆུ། །

གཙང་གསུམ་ལྷ་ཆབ་སྔོན་མོ་ཡིན། །

རྫ་སྟོད་གདང་ལ་རི་བརྒྱུད། །

རྫ་ཆུ་བསིལ་མའི་འབྱུང་ཁུངས་ཡིན། །

སྟག་གཟིག་ནོར་རྫོང་ལྷས་ནས། །

ནོར་ཁྱུ་འབྲོང་ལ་འདྲེས་ཡོད། །

ཕྱི་ཡི་སྣོད་བཅུད། །

མཛེས་སྡུག་ཚོན་གྱི་རི་མོ་ཡིན། །

ནང་གི་སེམས་ཅན། །

བདེ་སྐྱིད་ལྷ་ཡི་ཞིང་ཁམས་ཡིན། །

ཨ—ཁོ་རེ་ཁམས་པ། །

ཡུལ་འདི་ནི་ང་དང་ཁྱོད་ཀྱི་ཕ་ས་ཡིན། །

ཨ—ཁོ་རེ་ཁམས་པ། །

གནས་འདི་ནི་ཁྱོད་དང་ང་ཡི་ཕ་ཡུལ་ཡིན། །

         ཡུལ་ཤུལ་གྱི་ལོ་གསར་དགོང་ཚོགས་ལ་ཆེད་དུ་བྲིས་པའི་གླུ་ཚིག

          

                       གེ་སར་རྒྱལ་པོ།

                (ཆབ་འགག་རྡོ་རྗེ་ཚེ་རིང་།)

རྒྱ་མཚོ་ཁྲོས་པའི་རླབས་ཀྱིས་ས་གཞི་འདར། །

འབྱུང་བཞི་འཁྲུག་པའི་སྤྲིན་གྱིས་ཉི་ཟླ་གཡོགས། །

ཁྱོད་ཀྱི་ཁྲག་རྒྱུན་ལས་ཐོས་པ་ནི། །

དགྲ་འདུལ་གྱི་གད་རྒྱངས་ང་རོ་ཡིན། །

ཁྱོད་ཀྱི་ཞལ་རས་ལས་མཐོང་བ་ནི། །

གཉེན་སྐྱོང་གི་འཛུམ་དཀར་མེ་ཏོག་ཡིན། །

གེ་སར་རྒྱལ་པོ་ལགས། །

རྒྱལ་པོ་གེ་སར་མཆོག །


གླུ་ཨ་ལ་ལ་མོ་ཨ་ལ་ལས། །

ཟུངས་ཁྲག་གིས་བྲིས་པའི་གཏམ་རྒྱུད་གསོན་པོ་ཡོད། །

གླུ་ཐ་ལ་ལ་མོ་ཐ་ལ་ལས། །

བརྩེ་དུང་ལས་འཁྲུངས་པའི་འཇིག་རྟེན་འཚོ་བ་ཡོད། །

རླབས་ཆེན་གྱི་མཛད་རྗེས། །

ཉི་ཟླ་ལ་བཞེངས་ཡོད། །


གེ་སར་རྒྱལ་པོ་ལགས། །

རྒྱལ་པོ་གེ་སར་མཆོག །

གླུ་ཨ་ལ་ལ་མོ་ཨ་ལ་ལས། །

ཟུངས་ཁྲག་གིས་བྲིས་པའི་གཏམ་རྒྱུད་གསོན་པོ་ཡོད། །

གླུ་ཐ་ལ་ལ་མོ་ཐ་ལ་ལས། །

 བརྩེ་དུང་ལས་འཁྲུངས་པའི་འཇིག་རྟེན་འཚོ་བ་ཡོད། །

སྙན་གྲགས་ཀྱི་རྒྱལ་མཚན། །

 ཉི་ཟླའི་སྟེང་བཙུགས་ཡོད། །


                  ཉི་ཟླའི་བརྩེ་དུང་།

              (ཆབ་འགག་རྡོ་རྗེ་ཚེ་རིང་།)

གནའ་དང་མའི་དང་མ་ཞིག་ལ། །

ཡུལ་ཨ་མདོ་ཧོར་གཙང་ཁོག་གི །

སྡེ་ཕྱུག་མོ་ཏཱ་ནི་སྟོད་ཀྱི། །

ཕོ་བཟང་བོ་ཉི་མ་ཚེ་རིང་། །

གཞུང་རྒྱུད་པ་མདའ་ཤིང་དྲང་མོ། །

ངང་གཤིས་ཀ་ལྷ་དར་འཇམ་པོ། །

བརྩེ་དུང་གི་ཞག་ཁུ་སྣུམ་པོ། །

རུས་རྐང་གི་གསེང་ལ་སིམས་ཡོད། །

ཆུང་འདྲིས་ཨ་ཇོ། །

ཉི་མ་ཚེ་རིང་། །

ཚེ་ལ་རིང་ཐུང་ཤོར་ན། །

སྔོན་གྱི་ལས་དབང་ཡིན་སོང་། །

ལམ་ལ་རིང་ཐུང་ཤོར་ན། །

གཅིག་གིས་གཅིག་ལ་བསྒུག་ཆོག །


གནའ་དང་མའི་དང་མ་ཞིག་ལ། །

ཡུལ་ཨ་མདོ་ཧོར་གཙང་ཁོག་གི། །

སྡེ་ཕྱུག་མོ་ཏཱ་ནི་སྟོད་ཀྱི། །

སྨན་བཟང་མོ་ཟླ་བཟང་སྒྲོལ་མ། །

ཡག་མཛེས་སྡུག་ཡིད་འཕྲོག་ལྷ་མོ། །

སེམས་བསམ་པ་སྒྲོལ་མ་དཀར་མོ། །

ཞེ་འདང་གི་གཏམ་རྒྱུད་སྙན་མོ། །

ཤ་ཁྲག་གི་སེམས་ལ་རུམ་ཡོད། །

ཆུང་འདྲིས་ཨ་ཅེ། །

ཟླ་བཟང་སྒྲོལ་མ། །

ཚེ་ལ་རིང་ཐུང་ཤོར་ན། །

སྔོན་གྱི་ལས་དབང་ཡིན་སོང་། །

ལམ་ལ་རིང་ཐུང་ཤོར་ན། །

གཅིག་གིས་གཅིག་ལ་བསྒུག་ཆོག །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།