ས་ཆེན་ཨ་མའི་པང་གི་འབྲོག་ཁྱིམ།

གཅན་གཟན་གཏུམ་པོས་མཆེ་བ་གཙིགས་པའི་ངར་སྐད་བྲག་ཅར་བརྡབས་པ་ལ། །

རིང་ནས་འདྲིས་ཤིང་ཉིན་བྱེད་དབང་པོར་བར་ཐག་ཉེ་བའི་ཡུལ་གྲུ་རུ། །

དཔའ་བོའི་སྙིང་སྟོབས་སྲོག་གི་ཀ་བ་རྒྱ་སྟག་ངར་མོར་རྒོལ་བྱེད་པའི། །

སྦྲ་ནག་རོག་པོའི་རུ་སྡེ་ཕྲ་མོ་རི་ལུང་མཛེས་པའི་རྒྱན་དུ་ཆེ། །

དེ་ཡི་མཐའ་བཞིའི་ལྷ་ལམ་ཡངས་པོ་ཡར་ལ་འདེགས་པའི་ས་འཛིན་གྱིས། །

རབ་དཀར་ཁ་བའི་འདབ་མ་མཐུག་པོ་དབུ་ལ་གསོལ་བའི་རྩེ་མོ་རུ། །

བྱ་རྒྱལ་ཁྱུང་གི་འདབ་གཤོག་རྩལ་ལ་དྲི་གཞོན་གྲོགས་སུ་བསྐྱོད་པ་ཡང་། །

བགྲོད་པའི་དཀའ་ཐུབ་ལས་ལ་ཞུགས་ཚེ་རང་སྟོབས་བྲི་སྟེ་ལྡོག་པར་ངེས། །

ཕྱེ་ལེབ་སྒེག་མོ་གཤོག་ལྡན་མ་དང་སྒྲོ་ལྡན་ར་ཡིག་གཉིས་པའི་ཁྱུ། །

རྒྱང་རིང་ཡུལ་ནས་མེ་ཏོག་བཅུད་ལ་དབྱར་གྱི་སྤྲིན་པའི་འདུ་འགོད་བཞིན། །

ལང་ལོང་འཁོར་ཏེ་བྲོ་གར་འཁྲབ་ཅིང་དར་དིར་གླུ་དབྱངས་ལེན་པའི་ཚུལ། །

བྱ་བཏང་བས་ཀྱང་མཐོང་བའི་མོད་ལ་ངེས་འབྱུང་རྣོ་སྐུད་ལྷོད་ལ་ཕབས། །

ལྗོན་ཤིང་རྩེ་མོ་དགུང་ལ་བསྙེགས་ཤིང་ཚང་ཚིང་གཡུ་ལོ་རབ་འཁྲིགས་པའི། །

ལྷུན་སྟུག་ནགས་ཀྱི་དོ་རའི་ཚལ་ན་དགའ་བདེའི་དཔལ་ལ་རྟག་རོལ་བའི། །

སྤུ་སྡུག་བྱ་དང་བྱིའུ་ཚོགས་ཀྱིས་གྲེ་འགྱུར་སྣ་ཚོགས་བསྒྲགས་ཙ་ན། །

དྲི་ཟའི་གྲོང་གི་སྙན་པའི་དབྱངས་ཀྱང་ཅ་ཅོའི་སྒྲ་ལ་སྒྱུར་བར་བྱེད། །

མརྒད་མདངས་འཛིན་སྤང་ལྗོངས་གཡུ་ཡིས་མཐོ་རིས་དགའ་ཚལ་ཁེངས་པ་བསྙིལ། །

ཡན་ལག་བརྒྱད་ལྡན་ཉལ་འགྲོའི་སྙན་གླུ་གཙང་པོའི་གཞུང་ལ་ལྷོད་ཀྱིས་འདྲེས། །

ཕྱུགས་ཀྱི་ཚོམ་བུ་ཐང་མར་བརྡལ་བ་སྐར་མའི་ཚོགས་ཀྱི་ཕྲ་རྒྱན་བཞིན། །

ས་ཆེན་པང་གི་རུ་སྡེ་ཕྲ་མོ་སྨིན་དྲུག་ཁྲ་མོའི་དབྱིབས་སུ་ཕུབ། །

རྩེ་མོ་རྣོན་པོ་མཁའ་ལ་གདེངས་པའི་འབྲོང་གཡག་དར་མའི་རྨིག་གོར་གྱིས། །

སྲ་མཁྲེགས་གོར་མོའི་རང་གཤིས་བརྟན་པོ་ཐལ་བའི་རྡུལ་དུ་རློག་མཛད་པ། །

གཡག་རོག་ཞོལ་ཆེན་ཞེས་པའི་གྲགས་པ་ཕྱོགས་བཅུའི་བུ་མོའི་རྣ་ཆ་རུ། །

གཅམ་བུའི་ཚིག་གི་སྲེད་ལ་མ་བརྒྱུས་དཔྱོད་ལྡན་ངག་ན་ཐུར་དུ་དཔྱངས། །

ཞོགས་པའི་ཉི་གཞོན་བརྗིད་ཅིང་རྔམ་པ་དབང་ཕྱོགས་ལྷུན་པོའི་དབུ་རྩེ་ནས། །

ཟེར་མའི་རུ་དཔུང་དལ་བ་དལ་བུར་རྩྭ་ལྗང་སྤུ་ལོང་ཡང་གསེབ་ཏུ།།

ཚོམ་མེད་ཅིག་ཅར་ཤར་བའི་དུས་སུ་རི་སྐྱེས་ཚོགས་རྣམས་ཐུན་གསུམ་པའི།།

སྨག་ནག་བཙོན་ལས་རྣམ་པར་ཐར་བས་འཛུམ་གྱི་ཚེམས་ཕྲེང་ལྷུག་ལྷུག་དགོད། །

ཉི་ཐིག་ཕྲ་མོ་ཡ་ཡོ་མེད་པར་སྒྱིད་གསུམ་ཐིགས་ཀྱིས་གཞལ་བ་ན། །

རི་ལུང་གཉིས་སུ་ལྷོད་དུ་ཡན་པའི་དཀར་ནག་ཕྱུགས་རྗེས་བསྙེགས་པ་ཡི། །

གཞོན་ནུ་ཟུང་གི་རི་གླུ་སྙན་མོས་རྣ་བའི་དབང་པོའི་བཅུད་ལེན་ཅིང་། །

འགྱུར་མེད་བརྩེ་བའི་མདངས་ལྡན་རི་མོ་ཆུ་ཁའི་ཕ་བོང་ངོས་སུ་འདེབས། །

འོད་ཟེར་ཉག་མ་གཟིམ་ལ་ཉེ་དུས་དྲི་ཟ་དགྱེས་པའི་མཆོད་པའི་དྲི། །

ལྷས་ཀྱི་བསེར་བུ་འཇམ་པོས་འཕྲོག་ཅིང་མུ་མེད་སྤང་ལ་བསྣམས་ནས་འབྲོ། །

བཞོ་དབྱངས་སྙན་མོའི་དབྱངས་རྟས་བཅུན་པའི་གཡང་གི་འབྲི་མོ་བཞོ་བའི་སྒྲ། །

ཕྱུགས་ཀྱི་མཐའ་ནས་རྣ་བར་ལྷུང་བ་དབྱར་གྱི་ཆར་བའི་སྒྲ་ལ་འཁྲུལ། །

མཐིང་སྨུག་རེ་སྦྲའི་སྒོ་དར་རིང་མོ་ལྷོ་རླུང་ཁ་ན་ལྷབ་ལྷུབ་བསྐྱོད། །

ལུས་ལ་བགོས་པའི་ཨ་མའི་པགས་སློག་གཡང་དཀར་ཁ་ཆུ་ཐུར་དུ་འཇོལ། །

ཡར་སྒྱེད་སྣེ་མོ་མཆོད་སྟེགས་བྱས་པའི་ཏ་ལ་ལ་ཡི་ཚེ་འབར་གྱིས། །

འབྲོག་ཁྱིམ་སྨུག་པོའི་ཁྱིམ་ཕུགས་དེ་ཡང་གསལ་ལ་མི་གསལ་འོད་རེ་མཐོང་། །

ཨ་མས་བཤད་པའི་གནའ་གཏམ་རིང་མོ་དུང་གི་ཚེས་རུའི་སྣེ་ལ་དཔྱངས། །

རི་མགོར་ལུས་པའི་ལྷ་གཡག་རྭ་རིང་སྐར་མ་མཛོ་འདོགས་འོད་ལ་བཏགས། །

རི་སྤྱང་སྙིང་ག་ཚལ་བར་གཤག་ཅིང་བྲག་ཆར་འཁོར་བའི་ཀི་སྒྲ་དེས། །

གཉིད་དུ་ཡུར་བའི་རྩྭ་ཐང་དེ་ཡང་རྨི་ལམ་གྲོང་ནས་ལན་རེར་དཀྲོགས། །

ཐབ་ཀྱི་མེ་འོད་ལྷམ་ལྷམ་མཆེད་པས་མཚན་མོའི་སྨག་གི་ཟབ་ཚད་རྟོགས། །

ཨ་མའི་མ་ཎིའི་དྲིལ་ཆུང་དྭངས་མོས་ཕྱིར་དྲན་ཀློང་ནས་ཡང་ཡང་འདྲེན། །

ཕྱུགས་ཀྱི་མཐའ་ན་ཁྱི་རྒན་རྒྱ་བོས་མེ་འོད་མིག་གིས་འཚོ་བཞིན་དུ། །

མགོ་བོ་བཏེགས་ཏེ་ཟུག་སྐད་དྲག་པོ་རྒྱུད་ཐག་ཐོར་བའི་སྐར་མར་འབྱིན། །

འོད་དཀར་གཞོན་ནུའི་འཛུམ་མདངས་གསར་པ་སྤྲིན་གྱི་འདབ་མ་དང་བྲལ་ཞིང་། །

སྐར་མའི་ཚོགས་ཀྱི་བཞད་སྒྲ་གཉོམ་པོ་ཟླ་བའི་འོད་ལ་ཡུན་གྱིས་འདྲེས། །

དུས་ཆད་སྦྲ་ནག་འདབས་སུ་བྱས་པའི་བརྩེ་ལྡན་ཕོ་མོ་ཕན་ཚུན་གྱི། །

སྙིང་གཏམ་རྫ་ཆུ་གཅིག་ཏུ་འདྲེས་ཤིང་ལག་པའི་འཁྲི་ཤིང་གཡོ་བར་རྩོམ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།