ཀྲུང་གོ་བོད་ཀྱི་དྲ་བ།

གསང་ཡིག (ཞར་བཀོད་གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འོད་ཆུན་པོ།   སྤེལ་དུས། : 2021-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསང་ཡིག     

ཤོག་དཀར་གྲུ་བཞིའི་ངོས་ཀྱི།།

བརྩེ་བའི་ཡི་གེ་ནག་ཆུང་།

ང་མིན་སུ་ལ་མ་འབྲི།།

བྲིས་པ་གནས་སྐབས་ཡིན་རུང་།

མི་སེམས་རླུང་ལ་བསྐྱོན་དུས།།

སྐྱིད་ཅིག་ཡོད་པ་མ་རེད།།


ཚིག་དང་ཚིག་གི་བར་གྱི།།

མཐུན་པའི་ཐ་སྙད་སྣུམ་པོ།།

ང་མིན་སུ་ལ་མ་གླེང་།

གླེང་བ་ལན་གཅིག་ཡིན་རུང་།

སེམས་ལ་རྨ་ཁ་དོད་དུས།།

སོས་ཐབས་ཡོད་པ་མ་རེད།།


ངག་གི་བསྟར་ལ་བརྒྱུས་པའི།།

དར་ལུང་རྣ་བའི་མེ་ཏོག།

ང་མིན་གཞན་ལ་མ་གཏོད།།

གཏད་པ་ཐེངས་གཅིག་ཡིན་རུང་།

མཚན་མོའི་རྨི་ལམ་དཀྲུགས་དུས།།

བདེ་དུས་ཡོད་པ་མ་རེད།།


གཏམ་གྱི་མགོ་རྔ་ཚང་བའི།།

སྙིང་གཏམ་ཚིག་གི་རྫོངས་བ།།

ང་མིན་སུ་ལ་མ་བཤད།།

ཀུ་རེ་ཐེངས་གཅིག་ཡིན་རུང་།

གཉོམ་པོ་སེམས་ལ་ཕོག་དུས།

སོ་སོ་ཁ་ཁར་གྱེས་འགྲོ།


ང་དང་ཁྱོད་ཀྱི་གཏམ་རྒྱུད།།

དུང་སེམས་གཙང་མ་ཡིན་རུང་།

བཤད་རྒྱུ་གླེང་རྒྱུ་མ་མང་།

དུས་ལ་གོད་ཆགས་ཐེབས་དུས།

མི་ལ་འགྱུར་བ་སྐྱེན་དུས།།

རྟག་རྒྱུ་ཡོད་པ་མ་རེད།།

 ༢༠༢༠-༡-༡༥ལ་ཁྲིན་ཏུ་ནས་གྲུབ།

འགྲུལ་བ།

ང་ནི་སྟོན་རླུང་གིས་ཁུར་བའི་ལོ་མ་དེ།

ཁྱེད་ཀྱི་ཕྲག་ལ་ལྷུང་བའི་འགྲུལ་བ་ཞིག


ང་ནི་ཆུ་བོས་དེད་པའི་འདམ་རྙོག་དེ།

ཁྱེད་ཀྱི་པང་ལ་ཁུར་བའི་འགྲུལ་བ་ཞིག


ང་ནི་མེ་འཁོར་གྱིས་བསྐྱལ་བའི་ཡུལ་གྱར་བ་དེ།

ཁྱེད་དང་རྒྱང་དུ་སོང་བའི་འགྲུལ་བ་ཞིག


ང་ནི་ཕྱིར་མིག་བལྟ་བཞིན་པའི་འགྲུལ་བ་ཞིག

ཁྱེད་ནི་ང་ཡི་འཚོ་བ་བརྒྱུད་པའི་ལམ་པ་ཞིག


ང་ནི་ཁྱེད་ཀྱིས་བསྒྲོན་པའི་མེ་ཕུང་དེ་ཡིན་ན།

ང་ནི་ཁྱེད་ཀྱི་སེམས་ལ་འཁོར་བའི་དྲོད་དེ་ཡིན་ཆོག

༢༠༢༠-༡-༢༤ལ་མེ་འཁོར་ཏུ་གྲུབ།

བར་ཐག 

ལག་པས་མགོ་ལ་རེག་ནས།།

ཁ་ནས་རྐང་པ་བཤད་པ།།

ཁ་སེམས་མི་མཐུན་མི་དེ།།

གཏན་གྲོགས་ཡོང་རྒྱུ་མ་རེད།།

རྫུན་དང་བཅོས་མར་དགའ་ན།།

བར་ཐག་ལྷག་ཏུ་རིང་འགྲོ།


དང་པོ་ངག་ནས་འཐད་པ།།

གཉིས་པ་ལག་ནས་རྒོལ་བ།།

མཐའ་མར་ཁས་ལེན་མེད་པ།།

དོན་གཅིག་དོན་གཉིས་མ་རེད།།

བློ་ལ་ནོངས་འགྱོད་མེད་ན།།

བར་ཐག་ལྷག་ཏུ་རིང་འགྲོ།


ཁ་ནི་སྦྲང་རྩི་བྱུགས་འདྲ།།

ཁ་ཡག་གཏམ་ལ་མཁས་པ།།

དངོས་ཡོད་དོན་ལ་འཕྲད་དུས།།

ཁྱོད་དང་ང་གཉིས་ཟེར་ནས།།

འགན་འཁྲི་མེད་པའི་མི་དང་།

བར་ཐག་རིང་དུ་འགྲོ་ངེས།།


རང་ལ་དགོས་མཁོ་ཆེ་དུས།།

ཁ་འཇམ་ཚིག་འཇམ་སྨྲ་བ།།

དོན་དེ་འགྲུབ་ནས་ཚར་དུས།།

རྣམ་འགྱུར་དགུ་འགྱུར་སྟོན་པའི།།

མི་དེ་གཡོ་སྒྱུ་ཆེ་བས།།

བར་ཐག་ལྷག་ཏུ་རིང་འགྲོ།

ཚིག་མགོ་ཀ་ཡིས་དྲངས་པ།།

ཚིག་རྔ་ཨ་ཡིས་འདྲེན་ན།།

ཚིག་གི་མགོ་རྔ་མཐུན་པའི།།

གཏམ་དེ་བབ་ཆགས་ཡིན་པ།།

གཏམ་ལ་གཡོ་ཟོལ་མེད་པའི།།

མི་དེ་བློ་དང་མཐུན་པ།།


བྱ་བའི་མགོ་རྔ་ཚང་བ།།

གཏམ་གྱི་སྲབ་མཐུག་རན་པ།།

བསམ་པའི་འཁྱེར་སོ་མོད་པ།།

བློ་ཡི་པད་མོ་རྒྱས་པ།།

གཞན་ལ་ཁག་འགེལ་མེད་པའི།།

མི་དེ་སེམས་ལ་འགྲོ་བ།།


ཐོག་མར་འགྲམ་གྱི་མི་ལ།།

གཅེས་སྐྱོང་བླ་ལྷག་བྱེད་པ།།

ཞོར་དུ་གྲོགས་སུ་རུང་བའི།།

ཞེ་འདྲིས་དག་ལ་བརྩི་བ།།

ཨ་གསར་མེད་པ་མི་དེ།།

ཚེ་གང་གཏན་གྲོགས་བྱས་ཆོག

༢༠༢༡-༡-༡༠ལ་གཙོས་ནས་གྲུབ།


微信图片_20210111090147.jpg

འོད་ཆུན་པོ། དངོས་མིང་ལ་ཚེ་རིང་འཚོ། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ན་སློབ་གཉེར་གནང་གིན་ཡོད། ངས་སྙན་ངག་འབྲི་བ་ནི་ལང་ཚོའི་རང་མདངས་ལ་ཞེན་ཆགས་ཤོར་སྟངས་གཞན་ཞིག་ཡིན་པའི་ངོས་འཛིན་གྱི་ཡོད་ལ། སྙན་ངག་ནི་བྲིས་བས་རྫོགས་སུ་མེད་པའི་ཚོར་བའི་ཐ་སྙད་ཀྱི་ཕུང་བོ་དམར་རྗེན་མ་དེ་ཡིན་ཙ་ན། ངས་ཅིས་ཀྱང་མིག་གིས་གཏང་མ་བྲལ་བའི་ཁྱེད་ཀྱི་ལང་ཚོ་དེ་ཅི་འདྲ་སྙིང་དུ་སྡུག་འང་།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།