ངའི་གཉིད་བོར་སོང་། (གཞན་བཀོད་གཅིག)

ངའི་གཉིད་བོར་སོང་། 

-----བསོད་ནམས་འོད་འབར།

སའི་གོ་ལ། ཡང་ན་ངའི་མལ་གདན།

ངའི་གཉིད་བོར་སོང་བ། ཁྱེད་གཉིས་ལན་ནམ།

ཡང་ན། ང་ལན་པ་ཡིན།

འཕུར་མི་ཤེས་པའི་ཡུལ་བྱེའུ་དེ།

ངའི་སྒེའུ་ཁུང་ལ་ཐོགས་པ།

སྟབས་མ་ལེགས་པས་ཡིན་ནམ།

ཡང་ན་ངའི་སྒེའུ་ཁུང་ཆུང་དྲག་པས་ཡིན།

ས་གཞི་འཁྱག་གིས་བསྡམས་ཀྱང་།

སྐྱག་འབུ་དེ་དགུན་ཉལ་བྱེད་མི་ཤེས་པ་དེ།

ངའི་ཁང་མིག་དྲོ་དྲག་པས་ལན་ནམ།

ཡང་ན་ཕྱི་རོལ་འཁྱག་དྲག་པས་ཡིན། 

ཨ། མི་ཞིག་བཟི་སོང་།

ཆང་ཁམ་གང་མཆོད་ནས་བཟི་སོང་།


ངའི་ཨ་མ་དང་ངའི་བར་ཐག

ང་ཡུལ་ལ་ཐོན་ཡོད།

རྡོ་ཁང་དེའི་སྒོ་ཁ་རུ།

ངའི་ཨ་མ། 

སྒོ་བའི་ཡུ་བ་ལ་ཁེན་ཞོར།

ང་ལ་སྒུག་ཡོད་པ་འདྲ།

ཡིན་ནའང་ང་ཡོང་བ་མཐོང་དུས།

དགའ་བ་རུམ་ལ་བཅུག་ནས།

མི་སུན་ཁུལ་བྱེད་ཞོར་མ་ཏྲི་འདོན།

ངའི་ཨ་མ། 

ངའི་ན་ཟུག་གི་སྙན་ངག་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།