གསང་མཐིལ།
ཞོགས་པའི་ཉི་རྡུལ་ལ་ཟོས་པའི།།
སྣ་ཚོགས་མེ་ཏོག་གི་འཁྲི་ཤིང༌།།
གློ་བུར་མཚར་སྡུག་གི་བཞིན་རས།།
ང་ཡི་སྙིང་ཁ་རུ་དུད་བྱུང༌།།
བསུང་ཞིམ་ཐུལ་ཐུལ་གྱི་སྤོས་ངད།།
དྲི་འཛིན་བུ་ག་རུ་གཟན་ཅིང༌།།
སྦྲང་ཆུང་ཉིལ་ཉིལ་གྱི་གེ་སར།།
མཆུ་སྒྲོས་ན་ཆུང་ལ་གཙེས་བྱུང༌།།
དྲན་དང་ཤེས་བཞིན་གྱིས་བརྟགས་ན།།
གསང་མཐིལ་དཀའ་མོ་རང་མི་འདུག།
དབང་ཕྱོགས་བསིལ་རླུང་གི་རྔ་ཡབ།།
གདོང་ལ་སྐུལ་བ་འདིས་མིན་ནམ།།
དུས་འཛིན་ཉིན་བྱེད་ཀྱི་ཕོ་ཉ།།
མི་སྡོད་སྐྱེས་ལམ་དུ་བཏེག་པས།།
ཕྲན་པ་སྔ་ས་ན་སྡོད་ཀྱང༌།།
ལས་དབང་གོ་ལྡོག་ཏུ་སྣང་བྱུང༌།།
པདྨ་ཨུཏྤལ་གྱི་ཚོགས་ཀུན།།
སྐད་ཅིག་ཕ་རོལ་ལ་ཕྱོགས་ཏེ།།
འཇོ་སྒེག་ངེས་མེད་ཀྱི་བཞིན་རས།།
ནམ་མཁའི་བྱ་རྗེས་ལ་འགྲན་ཐལ།།
དྲན་དང་ཤེས་བཞིན་གྱིས་བརྟགས་ན།།
གསང་མཐིལ་དཀའ་མོ་རང་མི་འདུག།
ནུབ་ཕྱོགས་འཐོར་རླུང་གི་རྐུན་པོ།།
རྒྱབ་ནས་ལྡང་བ་ཡིས་ལན་འདུག །
མ་བསམ་འདྲེན་བྱེད་ཀྱི་སྣང་ངོར།།
དེང་ཡང་གཡོ་མེད་དུ་འགྲེང་བའི།།
འཆི་མེད་མེ་ཏོག་གི་ལྗོན་པ།།
འཛུམ་ཞལ་ཁོ་བོ་ལ་ཕྱོགས་འདུག།
མྱོས་པའི་སྟང་སྟབས་དེ་མེད་ལ།།
སླུ་བྱེད་བསུང་ཞིམ་ཡང་མི་སྤྲོ།།
སྨིན་པའི་དུས་ཚིགས་ལ་སྒུགས་དང༌།།
ཟིལ་དངར་དྭངས་མ་ཡིས་མཆོད་ཟེར།།
དྲན་དང་ཤེས་བཞིན་གྱིས་བརྟགས་ན།།
གསང་མཐིལ་དཀའ་མོ་རང་མི་འདུག།
རྩ་བ་བརྟན་པོ་ཞིག་ཆགས་པས།།
སྡོང་བུ་ཚུགས་ཐུབ་རེ་སྨིན་སོང༌།།
སྣང་སྲིད་ཟློས་གར་གྱི་འདེགས་འཇོག།
གར་མཁན་རྐང་སྟབས་ལས་མྱུར་བ།།
ངེས་མེད་དྲི་བཞོན་གྱི་སྣང་བ།།
སླར་ཡང་འཆར་ཁ་ནས་སྤྲོས་བྱུང༌།།
ཡིད་འོང་རིན་ཆེན་གྱི་བུམ་བཟང༌།།
དྭངས་བསིལ་སྨན་ཆུ་ཡིས་བཀང་སྟེ།།
བདག་ནི་བསང་གཏོར་གྱི་ཐོག་མ།།
འཆི་མེད་མེ་ཏོག་ལ་ཕྱོགས་སོང༌།།
དྲན་དང་ཤེས་བཞིན་གྱིས་བརྟགས་ན།།
གསང་མཐིལ་དཀའ་མོ་རང་མི་འདུག།
མ་བཅོས་དགེ་མཚན་ལ་ཞེན་པ།།
བག་ཆགས་འཇོག་ལུགས་ཀྱིས་ཡིན་འདུག།
དབྱར་གྱི་ཆར་རྒྱུན།
དྲུག་པའི་ལྷོ་སྤྲིན་མོ་མལ་ནས་ལྡང་སྟེ།།
ཀུན་གསལ་མཛའ་བོ་ཡི་ལུས་ལ་འཁྱུད་བྱུང༌།།
ལིང་ལིང་གར་སྟབས་ཀྱིས་ཀུན་ནས་ངལ་ཡང༌།།
མྱོས་པའི་འགྲམ་ཆང་ལ་ཟད་པ་མི་འདུག།
དེ་ལ་ངོམས་མེད་དུ་ཡང་ཡང་འཐུང་བའི།།
རྩྭ་ལྗང་མྱུ་གུ་ཡི་ན་ཆུང་ཕོ་མོ།།
ལུས་ལ་མངོན་འདོད་ཀྱི་སྤུ་ལོང་གཟེངས་ཤིང༌།།
དངུལ་ཆུའི་ཐིགས་པའང་ཐོལ་ཐོལ་བྱེད་དོ།།
ན་ཕྲ་མཚར་སྡུག་གི་ལམ་གྲོགས་བུ་མོ།།
དྭངས་བསིལ་ཆར་རྒྱུན་གྱིས་བརླན་པའི་བཞིན་ན།།
སྨིན་ལེགས་མཁུར་ཚོས་ཀྱི་ཀུ་ཤུ་གསལ་ཞིང༌།།
ཡིད་འོང་ཟུར་མིག་གི་བུང་བ་ཁྱུག་ཁྱུག།
གནག་སྣུམ་ལན་བུ་ཡིས་ཕྱེད་ཙམ་བསྒྲིབས་པའི།།
བིལ་བའི་མཆུ་སྒྲོས་དེ་སྙིང་ལ་འབབ་ཅིང༌།།
ཆུ་ལྡན་སྟོད་གོས་དང་ཀུན་ནས་མཛའ་བའི།།
བྲང་སྐྱེས་མྱོས་བུམ་དེ་མིག་ལ་གཟན་པ།།
དཔྲལ་བའི་མེ་ལོང་ན་རྒྱུན་མར་འབབ་པའི།།
སྦྲང་ཆར་ཐིགས་ཕྲེང་དེ་ང་རང་ཡིན་ན།།
དབྱིབས་ལེགས་དྲི་འཛིན་གྱི་འཁྲི་ཤིང་བརྒྱུད་དེ།།
མཆུ་སྒྲོས་ཡལ་འདབ་ལ་མངོན་པར་ཕྱོགས་འགྲོ།།
དགུན་གྱི་ལྷགས་རླུང༌།
བྱང་སྤྲིན་འདུ་འགོད་འཚུབ་འཚུབ།།
བུ་ཡུག་ལྷགས་རླུང་འུར་འུར།།
འཇག་སྐྱའི་ཤུགས་གླུ་གྱེར་གྱེར།།
ཕོ་རོག་སྟོང་སྐད་ལྷག་ལྷག།
གྲང་རེག་ལྷགས་པ་བརླིང་པོ།།
མཛེས་བག་ཤེས་པ་མི་འདུག།
སྙིང་སྡུག་ན་ཆུང་བུ་མོའི།།
གཞོན་པའི་ལུས་ལ་གཟས་བྱུང༌།།
གཡང་དཀར་པགས་པའི་ཤམ་ལྭ།།
ལུས་ལ་གྱོན་རོགས་ཞུས་པས།།
ཨ་ཇོ་དེ་འདྲ་མ་གསུངས།།
ཁྱོད་ཀྱང་ཤ་ཁྲག་ལུས་ཟེར།།
ཁྱོད་དང་འདྲ་བ་མི་འདུག །
ང་རང་ཕོ་རྒོད་དར་མ།།
ཟུངས་ཁྲག་ཁོང་ན་ཁོལ་ཅེས།།
ཁེངས་གཏམ་ཁ་ནས་ཤོར་བས།།
ཕོ་སྐྱེས་ལྕགས་ལས་མ་བྱས།།
བུད་མེད་མར་ལ་མ་གྲུབ།།
གཏམ་དེ་སྙན་པོ་མི་འདུག།
ཇོ་ཇོ་ཐུགས་ཁྲོ་མ་བཞེངས།།
སྐྱེས་པའི་ལུས་རྟེན་འབའ་ཞིག།
རང་བྱུང་གཡུལ་ལས་རྒྱལ་བ།།
ཁྱོད་རང་ཚད་མར་སྣང་ཞེས།།
མགུལ་བ་ཁྱོགས་ལ་འཕྱལ་སོང༌།།
སུག་པའི་འདེགས་འཇོག་སྒྱུར་བའི།།
ཅག་ཅག་རྡོག་པའི་སྒྲ་ཙམ།།
དེ་མི་ལྷགས་རླུང་འུར་སྒྲ།།
ཀྱེ་མ་སྙིང་ཁོང་གྲང་བ།།
ཨ་ཧོ་ཉིན་བྱེད་གཞོན་ནུ།།
མཁའ་ལ་ལྷག་གེར་འཛུམ་སྟེ།།
སྣང་བ་གསེར་ཞུན་ཐིགས་པས།།
ལུས་ལ་དྲོད་ཁོལ་གནང་བྱུང༌།།
ལག་སོར་པད་དཀར་ཆུ་བ།།
ཅུང་ཙམ་རྐྱོང་བའི་མོད་ལ།།
ཟུར་མིག་ལུས་མེད་ཞགས་པ།།
སླར་ཡང་གདོང་ལ་འཕངས་བྱུང༌།།
ཁྱོད་ལ་ཅི་ཞེས་སྨྲས་པས།།
ང་ལ་དྲོད་འཇམ་གནོངས་ཟེར།།
ཤམ་ལྭ་བཤུ་ཐེངས་གཅིག་གིས།།
ཁོ་མོའི་ལུས་ལ་བགོས་སོང༌།།
གསར་བཞད་ལྗང་བུ།
“ན་ཆུང་གི་དུང་སེམས།།
གསར་འཁྲུངས་ཀྱི་ལྗང་བུ།།
གྲང་རེག་གི་རྐུན་པོས།།
འཁྱེར་ཉེན་ལ་དོགས་འོང༌།།
ཁུ་བྱུག་གི་བུ་མོ།།
མོན་ཡུལ་ནས་ཕེབས་ཚེ།།
གཏམ་སྙན་ཞིག་ཡོད་ན།།
མཉམ་པོ་རུ་སྒྲོགས་ཤོག།”
ལྟས་བཟང་གི་ཕོ་ཉ།།
དཔྱིད་དུས་ཀྱི་རླུང་བུས།།
འཕྲིན་ཤོག་གི་སྒྲོམ་ཞིག །
དལ་དལ་གྱིས་བཏེགས་བྱུང—
“ད་ལོ་ཡི་ཁུ་བྱུག།
འདས་ལོ་ལས་སྔ་བྱུང༌།།
ལྷོ་སྤྲིན་ཞིག་ཡིན་ན།།
སྦྲང་ཆར་ལ་སྒུག་ཡོད།།”
ཕྱི་རོལ་དང་ནང་རོལ།
རྔམ་གནག་གི་སྤྲིན་པ་ལྷོག་ལྷོག་ཏུ་ཁོལ་ཞིང༌།།
ལྷོ་འབྲུག་གི་ང་རོ་ལྷང་ལྷང་དུ་སྒྲོག་བཞིན།།
བརྩེ་མེད་ཀྱི་སྐྱིན་ཐང་ཐར་ཐར་དུ་བྱུང་བས།།
ལྗོན་ཤིང་གི་ལོ་འདབ་ཅག་ཅག་ཏུ་བསྙིལ་བྱུང༌།།
སྙིང་གཏམ་གྱི་སྦྲང་ཆར་ལྷུག་ལྷུག་ཏུ་སྤྲོས་པས།།
མཆུ་སྒྲོས་ཀྱི་ཡལ་འདབ་ལྷག་ལྷག་ཏུ་གཡོ་བཞིན།།
འཁྲི་ཤིང་གི་དཔུང་བ་རིང་རིང་དུ་བརྐྱངས་ཏེ།།
གཞོན་ལུས་ཀྱི་ལྗོན་པ་དམ་དམ་དུ་འཁྱུད་བྱུང༌།།
དྭངས་ཤེལ་གྱི་དྲ་གླེགས་བྱང་གཅིག་གིས་ཆོད་པས།།
ཕྱི་ནང་གི་འཇིག་རྟེན་གོ་ལྡོག་ཏུ་སྣང་སོང༌།།
ཕྱི་རོལ་གྱི་འཇིགས་པ་ལྗོན་ཤིང་ཁོར་གསལ་ཅིང༌།།
ནང་རོལ་གྱི་རོ་མངར་ང་རང་ལ་དྲིས་ཤོག།
ཕྱི་ཕྱག
མོས་འདུན་གྱི་གངས་ཆབ་བསིལ་མ།།
དུང་སེམས་ཀྱི་རྫ་ཆབ་སྔོན་མོ།།
དབྱེར་མེད་དུ་ལྷན་ཅིག་འདྲེས་པའི།།
རོ་མངར་ལ་ཚིམས་པར་རོལ་ཚེ།།
འདབ་སྟོང་གི་གནམ་རུ་འཛིན་པའི།།
སྒྱུ་འཕྲུལ་ལ་ཡིད་དབང་ཤོར་བྱུང༌།།
དགའ་དད་ཀྱི་ཆུ་རིས་འཛུམ་པའི།།
ཟུར་མིག་ཅིག་གདོང་ལ་གཡོས་སོང༌།།
མཛའ་སེམས་ཀྱི་ཟླ་གཞོན་གཟུགས་བརྙན།།
དགའ་ཞེན་གྱི་རླབས་དཀར་གཟེགས་མ།།
གཉིས་མེད་དུ་རྒྱ་མཚོར་སིམ་པའི།།
དགའ་བདེ་ལ་ཅི་དགར་རོལ་ཚེ།།
ནུབ་གླིང་གི་འདོད་ལྷའི་བུ་མོའི།།
རྣམ་སྤྲུལ་ལ་ངོ་མཚར་སྐྱེས་བྱུང༌།།
རྣམ་གསུམ་གྱི་དད་པ་མཚོན་པའི།།
སྙིམ་པ་དེ་སྙིང་ཁར་ཟུམ་སོང༌།།
བརྩེ་སྐྱོང་གི་སྤྱོད་ལམ་རྣམ་དག །
བརྩེ་བྱམས་ཀྱི་ངག་ཚིག་སྙན་མོ།།
གཞིས་ཁྱིམ་དུ་གཏན་དུ་འཛོམས་པའི།།
བདེ་སྐྱིད་ལ་ཡང་ཡང་བསམ་ཚེ།།
བྱུང་འདས་ཀྱི་བགྲང་བྱའི་བྱེད་པོའི།།
མཐུན་རྐྱེན་ལ་ཡི་རང་སྐྱེས་བྱུང༌།།
ཡན་ལག་ཀུན་ས་ལ་རེག་པའི།།
ཕྱི་ཕྱག་ཅིག་དབང་མེད་ཤོར་སོང༌།།
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
དུང་སེམས་ཀྱི་འཆར་སྣང་།