ཀྲུང་གོ་བོད་ཀྱི་དྲ་བ།

སྐལ་བཟང་ལྷ་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་རྒྱལ་ཚེ་རིང་།   སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷ་རྒྱལ་ཚེ་རིང་ལགས་ནི་1962ལོའི་ཟླ་དྲུག་པར་མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། 1979ལོར་མཚོ་ལྷོ་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ་མཐར་ཕྱིན་རྗེས་སློབ་ཆུང་གི་དགེ་རྒན་བྱས།༡༩༨༥ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་དེ་རི་དགེ་རྒན་གྱི་ཕྱག་ལས་གནང་། 1988ལོར་གཙོས་མི་རིགས་མཐོ་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭའི་བོད་ཡིག་སྡེ་ཁག་དུ་ལས་གནས་སྤོར། 1982ལོ་ནས་བཟུང་རྩོམ་རིགས་གསར་རྩོམ་ལ་གཞོལ་བ་དང་།སྙན་ངག་དང་སྒྲུང་གཏམ་བཅུ་ཕྲག་ལྷག་ལ་ཞིང་ལྗོངས་ལྔའམ་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ།སྙན་ངག་གཅེས་བསྡུས་《སྐྱ་རེངས་ལྷ་མོའི་འབོད་བརྡའ་》ཞེས་པ་ཀྲུང་དབྱངས་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེལ་སྤེལ་བྱས་པ་དང་།ད་ལྟ་ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་པ་དང་།ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་མི།ཀན་སུའུ་ཞིང་ཆེན་གྱི་བོད་ཀྱི་ཤེས་རིག་མཐུན་ཚོགས་ཀྱི་རྒྱུན་ལས་པ།ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དགེ་རྒན་ཆེན་མོ་བ་བཅས་ཡིན།

     

         སྐལ་བཟང་ལྷ་མོ། 


སྲབ་ཡང་དར་དཀར་ལྟར་སྐྱོད་པའི་སྨུག་པ་དེ།

ལྷུན་བརྗིད་རི་བོའི་ཟོམ་ནས་མཁའ་རུ་ཆས།

གཡུ་ཞུན་སྔོན་མོ་ལྟར་འཚེར་པའི་མཁའ་ལམ་ན།

རབ་མཛེས་སྤྲིན་དཀར་དུམ་བུ་དུམ་བུར་འཕྱོ།

ཨེ་མ།སྐལ་བཟང་ལྷ་མོ་ལགས།

སྔོ་བསངས་མཐོངས་སུ་འཕྱོ་བའི་སྤྲིན་དཀར་འདི།

ཁྱོད་ཀྱི་གཡང་དཀར་ལུག་ཁྱུ་ཡིན་ནམ་ཅི།

བདག་གི་མཛེས་སྡུག་གི་འཆར་ཡན་ཡ།

ཁྱོད་ཀྱི་གཡང་དཀར་ལུག་ཁྱུར་འདྲེས།


རི་སྐྱེས་མེ་ཏོག་ལྡེམ་པའི་སྤང་ལྗོངས་འདི། 

མཉེན་འཇམ་རྩྭ་ལོས་ལྗང་མདོག་ཐགས་སུ་བསྐྲུན།

ཞི་འཇགས་དྲི་གཞོན་དལ་གྱིས་རྒྱུ་བ་ན།

རབ་མཛེས་མེ་ཏོག་གསེར་ཆེན་འཛུམ་ཞིང་དགོད། 

སྤང་ལ་བཞད་པའི་མེ་ཏོག་གསེར་ཆེན་འདི། 

ཁྱོད་ཀྱི་མཚར་སྡུག་འཛུམ་མདངས་ཡིན་ནམ་ཅི། 

བདག་གི་དྲན་སྣང་གི་རྣམ་ཤེས་ཡ། 

མེ་ཏོག་བསུང་ངད་ཁྲོད་དུ་འཕྱན།


གངས་རིའི་སུལ་ནས་འོངས་པའི་ཆུ་རྒྱུན་འདིར།

བཞིན་མདངས་མངོན་པར་འཆར་པའི་དྭངས་ཤེལ་འཚེར།

རྫ་རི་སྨུག་པོའི་ཁྲོད་དུ་བཞུར་བ་ན། 

ལམ་ལམ་མུ་ཏིག་གཏོར་བཞིན་དགའ་ལྷང་ལྷང་།

ཨེ་མ།སྐལ་བཟང་ལྷ་མོ་ལགས།

རྫ་ཆབ་སྔོན་མོའི་ཤང་ཤང་བཞུར་སྒྲ་འདི།

ཁྱོད་ཀྱི་སྙན་འཇེབས་དགོད་སྒྲ་ཡིན་ནམ་ཅི། 

བདག་གི་ཞེན་ཆགས་ཀྱི་སེམས་པ་ཡ། 

ཆུ་བོའི་དགོད་སྒྲ་སྙེག་ཅིང་ཐལ།  

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།