ང་།
ང་སྐྱེས་རྗེས།
ཨ་མས་ང་ལ་མིང་ཞིག་བཏགས།
མིང་འདི་སྤྲུལ་སྐུ་ཞིག་གི་སྐུ་མདུན་ནས་བསླངས་པ་འདྲ།
མིང་འདི་རང་ཉིད་ངོ་སྤྲོད་བྱེད་དུས་བཀོལ་དགོས་པ་བྱུང་ལ།
མིང་འདི་འདོད་རྒྱལ་གྱི་མིང་ཞིག་ཡིན་མིན་ཁ་ཚོན་གཅོད་དཀའ།
ང་ལ་རང་དང་འཚམ་པའི་རུས་མིང་ཡོད་པ་དེ་ནས་བཟུང་།
ང་མི་བརྒྱའི་གྲས་སུ་ཚུད་ཐག་ཆོད།
མི་མང་པོས་ང་སྲོག་ཆགས་རེད་ཅེས་བརྗོད།
དེའང་བདེན་པར་སྣང་སྟེ།
ང་རང་ཤ་བཟའ་རྒྱུར་ཤིན་ཏུ་དགའ།
སྤྱང་ཀི་ལྟར་ཤ་བཟའ་རྒྱུར་དགའ་བའི་འདོད་ཧམ་དེས།
ངའི་ལུས་ངག་ཡིད་གསུམ་ལ་གཤག་བཅོས་ཐེངས་ཤིག་ཐེབས།
སྨྲ་བ་མང་པོའི་སྲོག་ཆགས་དུ་མའི་ཁྲོད།
ང་ནི་ཆེས་དམིགས་བསལ་བ་ཞིག་སྟེ།
ངས་མི་སྐད་གོ་ལ་ཁྱི་སྐད་ཀྱང་གོ་བ་འདྲ།
མི་དང་ཁྱི་གཉིས་ནི་ཁོར་ཡུག་ཆུང་ཆུང་ཞིག་ནས་སྐྱེས་ཤིང་།
འཇིག་རྟེན་ཆུང་ཆུང་ཞིག་ནས་འདྲིས་པར་གྱུར།
ང་དང་རུས་མིང་གཅིག་པའི་མི་བགྲང་ལས་འདས་ནའང་།
ང་དང་ལས་དབང་གཅིག་པའི་ཁུར་བོ་འདེགས་མཁན་ག་ཚོད་ཡོད་དམ།
གང་ཞིག་ལ་སྙིང་བོ་མེད་དུས་སུ།
སེམས་ཁྲལ་ཇི་ལྟར་བྱས་ཀྱང་སྙིང་བོ་མི་འདུག
དེ་བས། ང་ནི་ང་སྟེ།
གཞན་སུས་ཀྱང་ང་ཡི་ཚབ་མཚོན་བྱེད་དཀའ་འོ།
ཁྱིམ།
སྡེ་བ་འདི་ང་ཡི་ཕ་ཡུལ་རེད།
ཁྱིམ་འདི་ང་ཡི་གནས་ཚང་རེད།
ངས་ཤེས་དུས། ངེད་ཚང་ལ་ཁང་བ་གྱེན་གཅིག་འདུག
ངའི་ཨ་ཕ་ནི་ལག་རྩལ་ཅན་གྱི་ཤིང་བཟོ་ཞིག་ཡིན་ལ།
ང་ནི་ཨ་ཕའི་རྗེས་སུ་འབྲངས་པའི་ལག་རོགས་པ་ཞིག་ཡིན།
ཨ་ཕས་ངེད་ཚང་ལ་སྒོ་དང་སྒེའུ་ཁུང་མང་པོའི་ཁང་བ་མང་པོ་ཕུབ་མྱོང་།
དོན་དམ་དུ། ཁྱིམ་ནི་མི་འདུག་ས་ཡིན་པ་གཅིག་འདྲ་རེད།
ང་འདུག་ས་འདི་ངའི་ཁྱིམ་ཡིན།
ཁྱིམ་འདི་ང་ཁོ་ནར་དབང་བ་མ་ཡིན་ཏེ།
ངེད་ཚང་གི་བུ་རབས་ཚ་རྒྱུད་ལ་དབང་དགོས་པ་རེད།
དེ་བས། མགྲོན་པོ་སུ་ཞིག་ངེད་ཚང་ལ་ཕེབས་ན།
ངེད་ཚང་གི་ཤིང་ཁང་གྲུ་བཞི་འདིར་མཉམ་རེ་ཞོག
སྒོ
ཚོན་སྣ་མང་པོ་བྱུགས་ཤིང་།
རི་མོ་དགུ་རྩེག་ཅན་འདིར་ངེད་ཚང་གི་རྒྱ་སྒོ་རེད།
ཁྱོད་ངེད་ཚང་གི་རྒྱ་སྒོ་ཁར་སླེབས་མ་ཐག
ཁྱི་རྒན་རྒྱ་བོ་ཞིག་གི་ཟུག་སྐད་ཐོས་ཡོང་།
དེ་ངེད་ཚང་གི་ལས་འབྲས་ཀྱིས་བསྐོས་པའི་སྒོ་སྲུང་ཡིན།
ལྕགས་ཟྭ་དམ་པོར་བརྒྱབ་རྗེས།
ཁྱོད་རང་ནང་དུ་འཛུལ་ཐབས་བྲལ།
ཁྱོད་ཀྱིས་ཉིན་མཚན་དུས་དྲུག་ཏུ་ལྡེ་མིག་བོར་བརླག་བྱུང་མི་རུང་།
ལྡེ་མིག་ནི་སྒོ་ཕྱེ་སྤྱད་ཡིན་པས་ཟྭ་ཕྱེ་སྤྱད་ཁོ་ནར་བཀོལ་བས་ཆོག
ཁྱོད་མགྲོན་པོའི་ཚུལ་དུ་ཡོང་ཁར་ང་ལ་བརྡ་ཞིག་གཏོང་རོགས།
དེ་མིན་ཁྱོད་རང་རྐུན་མ་ཡིན་འདོད་ཀྱི་ར་མདའ་བསྙེག་ངེས།
ཐོག་མར་རང་གི་རྐང་ཆུང་ནང་དུ་སྤོ་དུས།
སྒོའི་མ་ཐེམ་ལ་མཉམ་རེ་ཞོག
གྱང་།
ས་ཡིས་གྱང་གྲུབ།
གྱང་གིས་རླུང་བཀག
ཆུ་ཡིས་ས་བརླན་ཚེ།
གྱང་ནི་རང་བཞིན་གྱིས་རྡིབ་འགྲོ།
ལོ་ངོ་མང་པོ་འགོར་ཚེ།
ས་གྱང་འདིའང་ཞིག་རལ་དུ་གྱུར་སོང་།
ད་ནི་རླུང་ཡང་འགོག་ཐབས་མི་འདུག
ཡིན་ཡང་ཨ་མྱེས་ཀྱིས་ང་ལ་གྱང་རྡུང་ཕྱོགས་ཡག་པོ་ཞིག་ཁྲིད་ཡོད།
གྱང་ནི་རྒྱང་དུ་གཏད་པའི་ངེད་ཚང་གི་རྒྱབ་རི་ཡིན།
ངས་ཨ་མྱེས་ཀྱི་རེ་བ་ལྟར་གྱང་སྟེང་ལ་གྱང་བརྩིགས།
ཁང་བའི་ཕྱོགས་བཞིར་གྱང་གིས་གྱང་ལ་གཏད།
གྱང་འདི་རླུང་འགོག་བྱེད་མ་རེད།
གྱང་འདི་མི་འགོག་བྱེད་རེད།
གྱང་འདི་ཡོད་པས་ད་གཟོད་ང་རང་བདེ་བར་གཟིམས་ཆོག
གྱང་འདི་དམར་སྒར་ཞིག་གི་མཁར་རྫོང་དང་འདྲ་བོ་འདུག
ང་ཡང་དམག་རྟ་མང་པོའི་ཁྲོད་ཀྱི་དམག་མི་ཞིག་དང་འདྲ་བར།
དགྲ་བོའི་འཇབ་རྒོལ་ལ་ཅིས་ཀྱང་དོགས་ཟོན་བྱ་དགོས།
རྩྭ།
རླུང་བུ་དལ་གྱིས་ལྡང་ཚེ།
རྩྭའང་འགུལ་ཙམ་འགུལ་ཙམ་བྱས།
རྩྭ་ནི་རང་ཚུགས་བརྟན་པའི་སྐྱེ་དངོས་རང་ག་བ་ཞིག་མ་ཡིན་ཏེ།
རླུང་བུ་ཇི་ལྟར་ལྡང་ན་རྩྭའང་དེ་ལྟར་འགུལ་ལ།
རྩྭ་ནི་ཉིན་སྲིབ་གཉིས་ཀར་སྐྱེས་ཆོག་པའི་སྐྱེས་ལྡན་སྔོ་རིགས་ཤིག་གི་སྤྱི་མིང་ངོ་།
རྩྭ་འདི་ཁང་བའི་ཀླད་སྟེང་ནས་སྐྱེས།
རྩྭ་འདི་ཞིང་ས་གྲུ་བཞིར་ནས་སྐྱེས།
རྩྭ་འདི་གྱང་ཁའི་བར་སྲུབས་ནས་སྐྱེས།
རྩྭ་འདི་མི་ཡི་བར་མཚམས་ནས་སྐྱེས།
ང་འགྲོ་ཁར་རྩྭ་འདིས་སྐྱེལ་མ་བྱེད་ལ།
ང་ཡོང་ཁར་རྩྭ་འདིས་བསུ་མ་བྱེད།
རྩྭ་ནི་མི་སུ་དང་ཞལ་ངོ་མཐོང་ཚེ།
མགོ་ལྕོག་ལྡེམ་འགུག་གི་རྟུལ་ཞུགས་འཛིན་ལ།
དེ་ནི་རླུང་གིས་མངགས་པའི་ཕོ་ཉ་ཡིན་པ་ར་སྤྲོད་བྱེད་ཐུབ།
སའི་རྒྱ་ཁྱོན་ཡུན་གྱིས་ཟིན་པའི་རྩྭ་རྐང་ཉག་མ་རེ་རེས།
འཇིག་རྟེན་གྱི་ཚེ་སྲོག་གི་དར་རྒུད་མཚོན་ལ།
རྩྭ་ནི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས།
མི་ཡུལ་གྱི་ཚུར་སྣང་བརྗོད་པའི་ལན་ཆགས་ཀྱི་བུ་ལོན་ཞིག་གོ
རྡུལ།
རྒྱང་རིང་ཡུལ་ལ་ཇི་ལྟར་བལྟས་ཀྱང་།
གནམ་ངོ་སྔར་ལྟར་སྤྲིན་གྱིས་བཟུང་ཡོད།
སྦྲའི་ཁ་ཚུབ་ལས་ཉི་ཟེར་རྟ་རྔ་ཙམ་ཡང་མཐོང་རྒྱུ་མེད་པའི་སྐབས་འདིར།
ཨ་མས་ཆར་ཞིག་འབབ་རྒྱུར་རེ་ལྟོས་བྱས་ཡོད།
ཨ་ཕས་ཉི་ཟེར་མཐོང་རྒྱུར་ངང་སྒུག་བྱས་ཡོད།
གློ་བུར་གློ་བུར་དུ།
རྡུལ་འཚུབ་ཆེན་པོ་ཞིག་གིས་ཕྱོགས་དང་ཕྱོགས་བྱས་ནས།
འཇིག་རྟེན་འདིར་རྒྱུས་མངའ་མེད་པའི་འཇིགས་སྣང་ཞིག་བསྐྱལ་ཡོང་།
སེམས་ཅན་གྲངས་མེད་ཅིག་སྐྲག་སྣང་གི་གནས་ལས་ཐར་ཐབས་བྲལ་དུས།
མི་ཡུལ་གྱི་འཆང་རྒྱ་སྣ་ཚོགས་ལས་གྲོལ་བའི་ལྷ་དང་ལྷ་མོ་སྐོར་ཞིག
ངའི་རམ་འདེགས་ཀྱི་རོལ་མོའི་ཁྲོད་ག་ལེར་བབས་བྱུང་།
མི་སྡུག་བསྔལ་ལས་སྐྱོབ་ཐབས་མེད་པའི་དུས་ལ།
ལྷ་དང་ལྷ་མོའི་ཚོགས་ནི་མི་ཡུལ་ལ་ཆེད་དུ་མངགས་པའི་བྲོ་མཁན་ཏེ།
འཆི་གསོན་གྱི་རབ་ཁ་ནས་ཁྱོད་ལ་རྣོ་སྦྲེང་དཀྲོལ་མཁན་དེ་ཡིན།
དེ་རིང་ཆར་བ་ཞིག་འབབ་རྒྱུར་སྟ་གོན་བྱེད་བཞིན་འདུག
ཆར་བ་འདིས་རྡུལ་གྱིས་གོས་པའི་དྲི་མ་དག་གཙང་སེལ་བྱ་ངེས།
ཆར་བ་འབབ་མཚམས་བཞག་རྗེས།
རྡུལ་གྱི་ཁ་ངོ་གཙང་མར་བཀྲུས་སོང་།
དེའི་རྗེས་སུ་ལྷ་མོ་མེད་པའི་འཇའ་ཚོན་ཞིག་ཀྱང་ཤར་བྱུང་།
བྲང་གཞུང་ཡངས་པོར་ཕྱེས་ཏེ།
རྡུལ་གྱི་མཚོན་ཆ་འཁྲུགས་པའི་ལོ་ཟླ་འདི་ཉིད་མུ་ནས་མུ་རུ་སྲིང་བཞིན་ཡོད།
ལྐུགས།
མི་འདི་ཀྲོང་ངེར་ལངས་འདུག
མི་འདི་མ་གཞི་ནས་དྲང་ཐིག་ལ་བརྟེན་ཡོད།
ཁྱོད་རང་ལྐུགས་སོང་བ་མིན་ཚེ་ངག་ལྷོད་རོགས།
འཇིག་རྟེན་གྱི་གསང་བ་ཐམས་ཅད་མ་ལུས་པར་བརྗོད་རོགས།
ཁྱོད་ལ་སུ་ཞིག་གིས་དྲི་དུག་ཕོག་པ་ཡིན་ནམ།
ཁྱོད་ཀྱིས་སྒྲོན་མེ་ལག་ཏུ་ཐོགས་ཏེ།
མུན་ནག་འདིར་ལྟ་བར་ཡང་ཡང་གོམས་དོན་ཅི།
འཇིག་རྟེན་གྱི་ཟ་ཟུར་གང་རུང་ནས།
ཁྱོད་ཀྱིས་མུན་ནག་ཁོ་ན་གཅེས་སུ་རུམ།
ཁྱོད་ནི་གསར་བརྗེའི་འཐབ་རྩོད་ཀྱི་ཁྲོད་ནས་ཕམ་པའི་དཔའ་བོ་ཞིག་རེད།
ཁྱོད་ནི་རང་རིགས་ཀྱི་སྡེ་ལ་དུངས་བའི་བྲན་གཡོག་གི་ལྐུགས་པ་ཞིག་རེད།
ཕྱོགས་སྟོན་འཁོར་ལོ་མདུན་དུ་བཞག་ཚེ།
ཁྱོད་ཀྱིས་རང་ལམ་འཚོལ་བའི་ཁ་ཕྱོགས་ནོར་མི་སྲིད།
ད་ནི། ཁྱོད་ཀྱིས་མི་སྐད་སྨྲ་བར་འོ་དོད་འབྱིན་བཞིན་འདུག
མི་ཞིག་ཡིན་ཚེ་མི་སྐད་སྨྲ་དགོས་ལ།
མི་ཞིག་ཡིན་ཚེ་མི་ཡི་ཆ་ལུགས་ཡོངས་སུ་ཚང་དགོས།
སྤྲིན་པ་མཐའ་ནས་ལངས་ཏེ་ས་ཆེན་གྱི་ཉི་མ་གསལ་བར་ཕྱེས་ཡོད།
དུས་རབས་དང་མཐུན་པའི་གཏམ་ཞིག་འཆད་རོགས།
མཛེས་སྡུག་གི་མི་ཡ། ཚེ་གང་བོར་ངག་བསྡམས་ནས་མི་འདུག་རོགས།
རུལ།
མི་རུལ་འདུག
མི་ཡི་ནང་སྙིང་རུལ་འདུག
འབྱུང་བ་བཞི་ལ་འཁེན་ས་མི་འདུག
ས་ཆུ་མེ་རླུང་ཡོད་ཚད་རུལ་འདུག
རྒྱ་མཚོ་ཆེན་པོའི་རྩ་བ་བོར་འདུག
ལྐོག་གྱུར་གྱི་གསང་བ་བརྟོལ་རུང་རུལ་དྲི་འཐུལ་འདུག
རུལ་སུངས་ཀྱི་ལོ་ཟླ་འདས་རུང་སྐྱུག་དྲི་བྲོ་འདུག
གནའ་སྔ་མོ་སྔ་མོ་ཞིག་ལ་ང་རང་རྔོན་པ་ཞིག་ཡིན།
ངས་རི་གསུམ་གྱི་རྩེ་ནས་རི་དྭགས་རྨས་མ་ཞིག་དང་མཉམ་དུ།
རང་ལ་དབང་བའི་ཤ་ཁྱི་ཞིག་ལ་སྨོན་ལམ་ཡང་ཡང་བཏབ་མྱོང་།
རྗེས་སུ། རྔ་མ་མེད་པའི་ཤ་ཁྱི་ཞིག་ང་ཡི་སྡོངས་གྲོགས་ཁོ་ནར་གྱུར།
ལོ་མང་འགོར་རྗེས།
བདག་པོར་རྨུགས་པའི་ཁྱི་རྒན་འདི་ང་དང་ན་མཉམ་དུ་རྒས་ཤིང་།
སྐབས་རེར་རྔ་མ་མེད་ཀྱང་རྔ་མ་གཡུག་སྲིད་པས།
ངས་རྔ་མའི་རྔ་མ་རྩ་བ་ནས་བཅད་ཟིན།
རུ་མཚེར་དབང་རྒྱལ་ཚེ་རིང་། པིར་མིང་ལ་གཅན་རུ་མཚེར་ཟེར། ད་ལྟ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ན་གསར་འགོད་ཀྱི་བྱ་བ་གཉེར་བཞིན་ཡོད། ད་ལྟའི་བར་དགའ་ཁ་འཁྱེར་སོ་ཞིག་གིས་སྙན་ངག་རེ་འགའ་དུས་དེབ་དང་ཚགས་པར་སྟེང་བཀོད་མྱོང་། འདི་ནི་གླེང་རིན་ཡོད་པའི་གྲུབ་འབྲས་ཤིག་ཡིན་ཟེར་ནའང་མིན་ཏེ། འདི་ནི་ཤི་འཐམ་རོ་འཐམ་བྱེད་པའི་དཀའ་སྤྱད་ཅིག་ཡིན་ཟེར་ན་དེའང་མིན་ཏེ། འདི་ནི་རང་གི་དགའ་སྐྱོ་ཆགས་སྡང་མཚོན་བྱེད་ཀྱི་བྲིས་རིས་རྣལ་མ་ཞིག མཐར་གཏུག་ན་རང་གི་སྙན་ངག་གིས་རང་ཉིད་སྐྱོང་ཐུབ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ལས་གཞན་རྣམས་ནི་ཁྱོད་ཀྱི་ཡུན་རིང་གི་འཚོ་བ་ཞིག་གོ མི་ཞིག་ལ་དགའ་ཕྱོགས་ཡོད་པ་དེ་མི་དེ་རྗེས་ལུས་སུ་འགྲོ་བཞིན་མེད་པ་མཚོན་ནོ། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རང་ལམ་འཚོལ་བའི་མདོ།(ཞར་བཀོད་བརྒྱད།)