ཀྲུང་གོ་བོད་ཀྱི་དྲ་བ།

ཕུ་བོ་ལགས།༼ཞར་བཀོད་གཉིས༽

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱེད་ནི་ཕ་དམ་པ་ཞིག་གི་བུ་ནས། 

བུ་རྒོད་པོ་ཞིག་གི་ཕ་རུ་གྱུར། 

ཁྱེད་རང་ཕ་མ་བཟང་པོ་ཞིག་གི་བུ་ཕྲུག་ནས། 

བུ་ཕྲུག་ཡ་རབས་དག་གི་ཨ་ཕར་གྱུར།

ཕུ་བོ། 

ཁྱེད་ནི་ཁྱིམ་ཚང་ཞིག་གི་དྲོད་ཁོལ་ཡིན་ལ། 

བུ་བུ་མོ་ཚོའི་མགོན་སྐྱབས་ཡིན་པ་སྨྲོས་ཅི་དགོས། 

འཇིག་རྟེན་འདི་དང་སྐྱེས་བ་ད་ཐེངས། 

ཕ་མ་གཅིག་གི་སྤུན་མཆེད་མིན་རུང་། 

ཤ་ཁྲག་འདྲེས་བའི་ཁྱིམ་རྒྱུད་ཞིག་ཏུ། 

ཁ་ངོ་ཐུག་པའི་སྐལ་བ་ལྡན་སོང་། 

ཡིན་ཡང་། ལས་དབང་གི་དཀྱོགས་མཚམས་འདི་ནས། 

ཁྱེད་ཀྱི་ཕོ་ལོ་ལྔ་བཅུའི་ལ་མགོ་འདིར། 

འདི་འདྲའི་བར་གེགས་ཤིག་ཅིའི་ཕྱིར་གནས་པ་ཡིན། 

སེམས་རྒྱུད་བཟང་བའི་མི་བུ་ཚོར། 

བྱ་བ་ལམ་འགྲོ་དང་ཚེ་རིང་ནད་མེད་ཡོང་བ་མ་ཡིན་ནམ། 

ཁྱེད་ལ་ནད་གྱི་དུག་ཁ་ཞིག་དང་ཚེ་ཡི་གཤེད་མ་ཞིག་ཅི་ལ་ཐོན་པ་ཡིན། 

ཁྱེད་ཀྱི་ནམ་མཁའ་ལྟ་བུའི་སེམས་རྒྱ་དེ་ལས། 

ངས་མཁའ་དབྱིངས་འདིའི་མཛེས་སྡུག་མཐོང་བ་ཐེངས་གཅིག་མིན། 

ཁྱེད་ཀྱི་ཉི་མ་ལྟ་བུའི་དྲོད་ཁོལ་དེ་ལས། 

ངས་འཇིག་རྟེན་འདིའི་དག་གཙང་གི་བརྩེ་བ་མྱངས་བ་མང་དྲགས་སོང་། 

ཁྱེད་ལ་མངའ་བའི་གཏན་ཚིགས་ནི། 

རྡོ་རྗེ་བྲག་གི་སྤུན་དང་། 

རི་རྒྱལ་ལྷུན་པོའི་དཔེ་ཡིན། 

ལོ་དེར། ཟླ་བ་གཟའ་ཡི་འཛིན་འཛིན་དང་། 

བྱེའུ་ཁྲ་ཡི་འཛིན་འཛིན་གྱིས། 

གཞན་དབང་སྔོན་ལས་ཀྱི་ནད་གཞི་ཞིག

ཁྱེད་ཀྱི་འབྱུང་བཞིའི་ལུས་འདིར་ཕོག 

སྐྱིད་ཀྱི་ཉི་མ་སྤྲིན་གྱིས་བསྒྲིབས་སོང་། 

འདང་གི་མེ་ཏོག་སད་གྱི་བཅོམས་སོང་། 

ཁ་དགོད་དང་ཀུ་རེ། 

འཛུམ་མདངས་དང་དགོད་སྒྲ་སོགས་གར་སོང་ཆ་མེད་དུ་གྱུར། 

རྨི་ལམ་ལྟ་བུའི་ཁ་སང་དེ་ཅི་འདྲའི་ཐུང་ལ། 

མཛེས་སྡུག་གི་ཕྱིར་དྲན་རེ་རེ་ནི། 

ང་ལ་དམོད་པའི་མཆི་མའི་ཕྲེང་རྡོག་རེ་རེ་ཡིན། 

ཁྱེད་རང་རྒྱང་རིང་གི་གྲོང་ཚོ་སྟེ། 

ཤམ་བྷ་ལའི་དག་ཞིང་དེར་སོང་ཤུལ་དུ། 

ངས་མ་ཎི་ཡིག་དྲུག་གི་མགུར་དབྱངས་འཐེན་ཞོར། 

དྲན་གདུང་གི་ན་ཟུག་ཞིག་འཁུར་ནས་འདུག་དགོས་བྱུང་། 

ཀྱེ་བླ་མ་དཀོན་མཆོག་མཁྱེན། 

འཇིག་རྟེན་ཕར་ངོགས་གི་དག་ཞིང་དེ་ནས། 

ངའི་ཕུ་བོ་ལ་མགོན་སྐྱབས་རེ་གནང་རོགས། 

མཇལ་འཛོམས། 

ང་ཚོ་སྟེ། 

ས་སྒང་རིལ་མོ་འདི་ནས། 

ལས་དབང་ཡག་པོ་ཞིག་དང་།

སྟེས་དབང་བཙན་པོ་ཞིག་གིས། 

མཇལ་འཛོམས་ཀྱི་སྐལ་བ་བྱུང་ལ། 

འབྲེལ་འདྲིས་ཀྱི་གོ་སྐབས་ལྡན། 

བརྩེ་འཛུམ་གྱི་རི་མོ་འབྲི་ཞོར་དང་། 

སྙིང་གཏམ་གྱི་འོ་ཞོ་འཐུང་ཞོར། 

མཇལ་འཛོམས་ཀྱི་དགའ་བ་རུམ་ཁུངས་ལ་བཅུག་སྟེ། 

མ་འོངས་ཐག་རིང་ཐག་རིང་གི་ལམ་ཁ་སྟེ། 

རེ་བཞག་དང་འོད་སྟོང་གི་ཕྱུག་པའི་ལམ་ཁ་དེར། 

བསམ་གཞིགས་ཀྱི་དབུ་ཁྱུད་བཀོད་ཞིང་། 

དམ་བཅའི་གནའ་ཚིག་ཀྱང་དབོར་ཟིན། 

འདི་ལྟར། 

ལོ་ཟླའི་འཁོར་མོ་རེ་རེ་སྐྱེལ་མ་དང་བསུ་མ་བྱེད། 

ཡིན་ཡང་། 

གྱེས་བྲལ་ཞེས་པའི་མི་རྟག་པའི་ཆོས་ཉིད་དེ། 

ཐག་ཉེ་རིང་གང་དུ་ལུས་ཡོད་པ་རྟོགས་མ་བྱུང་། 

འདུ་བྲལ་ཀྱི་ཆོས་ཉིད་དེ་ལས་ཟློག་མ་ཐུབ་ལ། 

བདེ་མོ་འཇོག་པའི་ཉིན་མོ་དེའང་བརྗེད་མ་མྱོང་། 

ཕྱིར་མིག་ཚ་བོ་ཞིག་དང་། 

རྒྱང་དུ་ཆས་པའི་རྒྱབ་གཟིགས་དེས། 

དྲན་གདུང་དང་རེ་སྒུག་གི་ལམ་ལ་བཙན་ཀྱིས་རྫངས་སོང་། 

འདི་ནི་མཇལ་འཛོམས་ཀྱི་དགའ་བའི་ཁྲོད་ན་ལུས་པས་རྣམ་ཤེས་གསོན་པོ་ཞིག

འདི་ནི་གྱེས་བྲལ་གྱི་སྡུག་བསྔལ་ཀློང་དུ་ཚུད་པས་ལུས་གཟུགས་ཕྲ་མོ་ཞིག

གལ་ཏེ། མཇལ་འཛོམས་འདི་མེད་ན། 

གྱེས་བྲལ་ཟེར་བ་དེ་གང་དུ་ཡོད་དམ། 

བདག་པོ།

ཆེས་ཐོག་མར།

བརྩེ་འཛུམ་གྱི་མཛེས་བ་དེ་ལ་ཧད་དེ།

གོམ་པའི་འདེགས་འཇོག་བརྩེ་དུང་གི་རྒྱལ་ཁམས་དེ་ལ་སྤོ་འགོ་བརྩམས།

དེ་དུས་ངའི་དབྲལ་བའི་མིག་གི་འོད་མདངས་དེའི་བདག་པོ་ཁྱོད་ཡིན་ལ།

བདག་པོ་དེའི་མིག་ཀོང་འོད་ཀྱིས་ཁྱབ།


ཆེས་ཐོག་མར།

སྙིང་གཏམ་གྱི་མེ་ཏོག་དེ་ལ་ཆགས་ཏེ།

སེམས་ཀྱི་གཡུ་སྦྲང་དེ་ཉིན་མཚན་མེད་པར་ཁྱེད་ཀྱི་ཕྱོགས་སུ་འཕུར།

དེ་དུས་ངའི་ལུས་ཀྱི་ཉམས་འགྱུར་དེའི་བདག་པོ་ཁྱོད་ཡིན་ལ།

བདག་པོ་དེའི་གདོང་བ་འཛུམ་གྱིས་ཕྱུག


ཆེས་ཐོག་མར།

ང་ཁྱོད་ཀྱི་ཡོད་ཚད་ལ་སྨོན་ཞིང་ཡོད་ཚད་ལ་དུང་སྟེ།

ཡིད་ཀྱི་གཏིང་ས་ལ་ཞེ་འདང་གི་རི་མོ་ཕབ་འགོ་བརྩམས།

དེ་དུས་ཁྱེད་ནི་ངའི་སྙིང་གི་འཕར་སྒྲ་དེའི་བདག་པོ་ཡིན།

བདག་པོ་དེའི་སེམས་རྩ་དྲོད་ཀྱིས་ཁེངས།


11.jpg

ཅོ་ནེ་པད་མ་སྐྱིད། པུར་མིང་ལ་དུང་ཟླ་ཞེས་སུ་འབོད། ཆུང་དུས་ནས་སྙན་ངག་ཐུང་ངུ་རེ་འབྲི་བའི་དགའ་མོས་ཟབ་མོ་ཞིག་ཡོད་པ་ནས་རྩོམ་རིག་ལ་དུངས་ཞེན་ཤོར་བའི་བོད་མོ་རྩོམ་དུངས་ཅན་རྣལ་མ་ཞིག་ཡིན།གསོ་རིག་དངོས་གཞིའི་སློབ་མཐར་ཕྱིན་རྗེས་སླར་ཡང་རྩོམ་རིག་གི་ཞིབ་འཇུག་སློབ་མའི་ལས་སུ་ཞུགས་པ་ནི་རྩོམ་རིག་དང་ལྡོག་ཏུ་མེད་པའི་ལས་དབང་གི་ཨ་ལོང་དམ་པོར་བསྐོན་པར་སེམས་ཡོད།དེས་ན། སྙན་ངག་ནི་ཁོ་མོའི་དགའ་སྐྱོ་ཆགས་སྡང་གི་བརྩེ་གདུང་འདེབས་སའི་ཞིང་ར་སྒོར་མོ་དེ་ཡིན་ལ།མི་ཚེ་གླུ་རུ་བཞེངས་བའི་སེམས་ཀྱི་ལྡིང་ཁང་དེ་ཡིན་ནོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།