སྨེང་བའི་སེམས་གཞས།

11.jpg

ཁྱེད་ཉིད་སོང་ཤུལ་དུ།

སེམས་པ་འདི།

ནམ་ཟླ་འདིའི་གྲང་ཤུར་ཤུར་གྱི་མཁའ་དབུགས་ཇི་བཞིན།

འཁྱག་པས་བསྡམས་ཤིང་དྲན་པ་འཐོར།


དྲིན་ལྡན་གྱི་ཨ་ཕ་ལགས།

འདུས་འབྲལ་གྱི་ཆོས་ཉིད་འདི། 

གཏན་ཚིགས་ཀྱི་ར་བ་ལས་འགོངས་མི་ནུས་ཀྱང་། 

ང་ད་དུང་ཁྱེད་ཉིད་ཀྱི་གམ་ན་ཡོད་ཡོད་འདྲ་བའི་འཁྲུལ་འཛིན་གྱི་ཀློང་ན།  

ཁྱེད་ཀྱི་བྱམས་བརྩེ་དྲོན་མོ་སྙིང་ལ་སྒོམ་ཡོད། 


ཁ་སང་། 

ཕ་ཡུལ་ཞེས་གླེང་དུས། 

ཕ་ཡུལ་ན་ཁྱེད་ཉིད་བཞུགས་པས།

ཕ་ཡུལ་ནི་ཁོ་བོའི་སེམས་ཀྱི་འཁྲི་ཤིང་ཡིན། 


དེ་རིང་། 

ཕ་ཡུལ་ཞེས་དྲན་དུས། 

ཁྱེད་ཉིད་ང་ཚོ་དང་དུས་གཏན་དུ་གྱེས་ཟིན་པས།

ཕ་ཡུལ་ནི་ངའི་སེམས་ཀྱི་ན་ཟུག་ཡིན།

22.jpg

གྱེས་བྲལ་གྱི་གདུང་བ་འདི་སྙིང་དུ་བརྣགས་པར་དཀའ་ཡང་། 

འདུས་འབྲལ་གྱི་ཆོས་ཉིད་ནི་མཐོ་དམན་རིས་སུ་མ་ཆད་པར།

སྐྱེ་བོ་ཡོད་དོ་ཅོག་ལ་ཡོངས་ཁྱབ་ཏུ་ངེས་གཤིས། 

རྒྱང་བཞུད་ཀྱི་ཁྱེད་ཉིད་ལ་གྱེས་ཕྱག་འབུལ་ཞིང་། 

བདེ་བར་བཞུད་མཛོད།


འཁོར་བ་འཁོར་བའི་ཀློང་ན། 

འཇིག་རྟེན་འཇིག་པའི་ཁྲོད་ན། 

སླར་ཡང་ཁྱེད་ཀྱི་དཀྱེལ་ཡངས་པའི་བྲང་གཞུང་དུ།   

བྱམས་བརྩེ་དྲོན་མོའི་བདེ་བ་མྱོང་དགོས།


དུས་ཚིགས་འདིར།

གསེར་མདོག་གི་སྦྲུམ་པའི་ཕ་ཡུལ་ཅི་འདྲའི་མཛེས་ཨང་།

འོན་ཀྱང་།  ཁྱེད་ཉིད་སོང་ཤུལ་དུ། 

ཕ་ས་ཕ་ཡུལ་ཞེས་པའང་མིང་བྱང་སྐམ་པོ་ཞིག་ཏུ་འགྱུར་ཟིན།།

          ༢༠༢༠ལོའི་ཟླ༩པའི་ཚེས༥ཉིན་ལ་ཕ་ཡུལ་ནས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།