ཀྲུང་གོ་བོད་ཀྱི་དྲ་བ།

ཡབ་ཆེན་རྗེས་སུ་དྲན་པའི་གདུང་དབྱངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲི་ཚ་སྐལ་སྒྲོན།(ཁྲི་ཀ)   སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱབ་རིའི་ངོས་སུ་ཉི་རྡུལ་ལྕི་མོ་ལམ་ལམ་ཐོར་ཏེ་མིག་ཟུང་སྲོད་ཀྱི་གདུང་བར་འདྲེས།།

སྲོག་གི་རྣམ་ཤེས་རེ་ཞིག་འདར་བའི་མཆི་མའི་དོ་ཤེལ་ཕ་སའི་གཞུང་ལ་ཐོལ་གྱིས་བརྡོལ།།

ནང་མིའི་མྱ་ངན་རླབས་ལྟར་བསྐྱོམས་པས་ཡིད་ཀྱི་ཐིག་ལེ་མི་འདོད་སྤྲིན་གྱི་གཟེབ་ཏུ་ཚུད།།

ཉིན་དེའི་ཞོགས་པའི་གྱེས་བརྡ་དེ་ཡིས་གདུང་བའི་མཁའ་རུ་ངུ་ངག་གཉོམ་པོ་ཆར་དུ་སྦངས།།


མདུན་གྱི་རི་བོ་གློ་བུར་ཉིལ་ཞིང་མ་བསམ་ཡིད་ཀྱི་གཙང་ཆབ་སྔོན་མོ་ཧད་ཀྱིས་བསྐམས།།

དབྱར་ཟླ་འགོ་མའི་སྐྱོ་བའི་ནམ་མཁས་ཉམས་རྟོགས་དམར་རྗེན་གླུ་རུ་གྱེར་ཏེ་ཆུ་འཛིན་འཁྲུགས།།

སེམས་ཀྱི་གཤོག་པ་རེ་ཞིག་ཆད་པའི་མི་རྟག་འཕྲུལ་གྱིས་ཡ་ཆུང་འགས་པའི་སྡུག་བསྔལ་ལྕི།།

མཆི་མས་བརྟོལ་བའི་བྲང་ཁོག་སྟོད་ན་ཡབ་ཆེན་བཞུད་པར་མྱ་ངན་སྟོང་གི་ཙག་རླུང་ལྡང་།།


སྐྱེ་དགུའི་ཕན་བདེའི་གོ་ཆ་བརྟན་ཞིང་གཤིས་འཇམ་ཐུགས་ཀྱིས་བསྟན་ལ་སྲི་ཞུའི་ས་བོན་བཏབ།།

མཛད་འཕྲིན་སྟོབས་ཀྱི་རུ་དར་བསྒྲེངས་པའི་ཆོས་སྡེ་དག་ལ་རེ་བའི་དྲོད་ཁོལ་སེམས་ཀྱིས་བཉར།།

འདི་ཕྱི་བདེ་བའི་ཚེ་རབས་ལས་ཀྱི་བསོད་ནམས་འཕེལ་བར་སྲོག་གི་དོད་དུ་མཐིལ་ཕྱིན་མཛད།།

བསྐྱར་དུ་གསོས་པའི་དགོན་སྡེ་རེ་ཡི་གཟི་ཉམས་ཀློང་ན་ཡབ་ཀྱི་ལྷག་བསམ་ཕྱོགས་སུ་མཆེད།།


གཏམ་གྱི་ཟིལ་ཤུགས་རབ་ཏུ་རྒོད་ཀྱང་མེས་པོའི་རི་ལུང་སྲོག་གི་ཉི་ཟླའི་ཏོག་ཏུ་མཛེས།།

ས་སྒང་འདི་ཡི་རི་དང་ཆུ་བོ་འདོམས་ལ་གཞལ་ཏེ་ནང་དམེ་འཁོར་ལོ་རྨང་ནས་བཅོམས།།

འབྲོང་སྟག་འཐབ་པའི་གྱོད་དང་ཁ་མཆུ་ལན་མེད་རལ་གྲིས་ཞི་བའི་ ཐབས་ཀྱིས་རྩ་ནས་བཅད།།

ཡབ་ཀྱི་རྟོགས་བརྗོད་གསེར་གྱི་སྙེ་མ་དཔྲལ་བའི་མིག་ཏུ་མངོན་པར་གསལ་བ་བསྐལ་བར་སྨིན།།


གཉིད་དུ་ཡུར་བའི་རུ་སྡེ་ཕྲ་མོར་ཕུགས་འདུན་སྔོག་པའི་ལས་སྐལ་དམར་པོས་ཡིད་ཆེས་བསྩལ།།

སྦྲ་གུར་དང་ནི་བཅའ་སྡོད་སློབ་གྲྭར་ལྗང་མྱུག་འབུས་འདྲའི་བརྩེ་བའི་དྲོད་ཀྱིས་རྨི་ལམ་ཞིམ།།

རང་གི་བུ་ཚའི་རྒྱུད་ལ་སྨིན་པའི་མན་ངག་ཟབ་མོ་བདུད་རྩིའི་བཅུད་དུ་ངད་ཁ་ལྡང་།།

ཡབ་ཀྱི་སློབ་གསོའི་ཀུ་མུད་ཚལ་ན་སྙིམ་པར་བཏེགས་པའི་འོད་ཀྱི་ཐིག་ལེ་ལྷམ་མེར་འཚེར།།


རང་སྡེའི་ཉམ་ཆུང་དབུལ་བོ་རེ་ལ་སྙིང་རྗེའི་སེམས་ཀྱིས་སྦྱིན་པའི་ཕྱག་ཟུང་རིང་དུ་བརྐྱངས།།

རང་སྡེའི་ཚོ་བར་བློ་དང་ཐབས་ཀྱིས་དམངས་སེམས་བདེ་བའི་མཛའ་མཐུན་ཨ་ལོང་གཅིག་ཏུ་བརྒྱུས།།

རང་ཁྱིམ་དྲོན་མོའི་བུ་ཚ་ཡོངས་ལ་གཞན་ཕན་སྲོག་གི་ཀ་ཆེན་ཕོན་པོ་གྱེན་དུ་བསླངས།།

ཡབ་ཀྱི་ཤ་དང་རུས་པའི་ཁ་དོག་མི་འགྱུར་བསྐལ་བའི་རྡོ་རིང་ངོས་ན་བསུབ་མེད་གནས།།


རྒྱལ་བསྟན་གཙུག་གི་པད་དཀར་ཆུན་པོར་དད་པའི་འཛུམ་བརྒྱ་ལྷུག་པོར་རྒོད་ཅིང་དག་སྣང་མཐོ།།

འཁོར་བའི་བྱེ་ཐང་སྟོབས་ཀྱི་བརྒལ་ཏེ་དུས་འཁོར་དབང་གི་ཡོ་ལངས་ཡངས་པོ་གསར་དུ་ཕྱེ།།

བླ་མའི་བཀའ་གདམས་གཙུག་ཏུ་བཞེས་པའི་མདོ་འཛིན་ལྕེ་བརྒྱའི་དྲིན་གྱི་བྲག་ཅ་རྣ་བར་འཇེབས།།

སྐྱབས་འགྲོའི་སེམས་ཀྱི་རེ་སྐོང་མཛད་པའི་ཡབ་ཀྱི་རྔུལ་ཆུ་ས་ཆེན་སྒེག་མོའི་རྒྱན་དུ་མཛེས།།


བདེན་པའི་མཁའ་རུ་འོད་ཀྱི་གོང་བུ་སྒྲུག་བཞིན་མི་མངོན་ཞིང་དུ་བཞུད་པ་ཐོལ་གྱིས་ཡལ།།

རྣམ་ཤེས་གཉོམ་པོ་གཤོག་པར་འཇུས་ཏེ་སྐད་ཅིག་ཕྱི་མའི་འཕྲེང་རིང་འགྲིམས་པའི་འོད་ལ་སྙེག།

སྐུ་ལུས་རི་ཡི་སྣང་བརྙན་དེ་ཡང་ཐུགས་དམ་བཞུགས་པ་ཏིང་འཛིན་སྒོམ་པའི་རྩ་བར་སིམ།།

ཡབ་ཀྱི་རྟགས་མཚན་སེར་ཆེན་མེ་ཏོག་ལྷམ་མེར་བཞད་པ་ལྟས་སུ་འཁྲུངས་འདི་མིག་གི་དཔྱིད།།

微信图片_20200709101024.jpg

ས་ཟླའི་ཚེས་བཅུའི་ངོ་མཚར་ཉིན་ལ་རེ་ཞིག་མཁའ་སྤྱོད་གུར་དུ་ཕེབས་པའི་ཚུལ་དུ་མཛད།།

གནས་སྦྱིན་ཅན་ནི་ཉིད་ཀྱི་ཐུགས་ལྟར་སྨོན་པའི་བསམ་པ་ལྷུན་གྱིས་འགྲུབ་ལ་བྱིན་རླབས་བསྩལ།།

སྐྱེས་ཆེན་བླ་མས་ས་དཔྱད་བརྟག་སྐབས་འཇའ་འོད་ཐིག་ལེ་ལྟས་སུ་འཆར་བའི་རྟེན་འབྲེལ་ཕྱུག།

ངོ་མཚར་སྟོང་གི་མར་མེ་ཀློང་ན་མཆོད་པའི་སྦྱིན་བསྲེགས་དྲི་ཟ་མྱོས་པའི་བྱིན་མཚན་འབར།།


པུར་ཐབ་རྩིག་བཞེངས་ཉིན་ལ་མཁའ་རུ་ཉི་ཁྱིམ་འོད་ཀྱི་འཇའ་གུར་ཕུབ་པ་མཆོད་དུ་སྙེམས།།

སྐུ་ཕུང་སྦྱིན་བསྲེགས་ཉིན་ལ་གཡའ་དག་ནམ་མཁར་ཡང་བསྐྱར་ངོ་མཚར་འཇའ་འོད་ལྟས་སུ་འཆར།།

ཆོ་གའི་བྱིན་རླབས་ཁྲོད་ཀྱི་ཐབ་མགོའི་མེ་ལྕེ་དེ་ཡང་ཨ་སྔོན་མཐོན་པོའི་དབྱིངས་སུ་མཆེད།།

ཡབ་ཀྱི་རུས་དཀར་སྟེང་ན་ལོ་མ་སེར་པོ་བབས་པའི་མངོན་རྟགས་རེ་རེ་ཡལ་མེད་གནས།།


མི་རྟག་སྒྱུ་མའི་གར་གྱིས་ནང་མིའི་སྙིང་དུ་སྐྱོ་གདུང་མཆི་མའི་མཚོ་མོ་ལྟེམས་མེར་འཁྱིལ།།

འདུ་འབྲལ་སྙིང་བོ་མེད་ཀྱང་ཕྱི་མའི་ལམ་རྒྱགས་ཆོས་ཀྱི་རིམ་གྲོ་མ་ལུས་མཆོད་དུ་བསྟབས།།

རྒྱང་མཇལ་ལམ་དུ་སྨོན་འདུན་སྟོང་གིས་དགེ་བསྔོའི་བྱིན་རླབས་སྐད་ཅིག་སྨིན་པའི་སྐྱབས་སུ་སྙེག།

ཡབ་ཆེན་དྲན་པའི་གདུང་དབྱངས་ཟབ་མོ་གཡེལ་བ་མེད་པར་སྨོན་ལམ་དག་པའི་རྒྱུ་རུ་བསྔོས།།


རེ་འདུན་སྟོང་གི་གསོལ་འདེབས་ཁྱེར་ཏེ་ལམ་དུ་ཆས་པའི་བསམ་དོན་རི་མོའི་རེ་ཁཱ་མཛེས།།

རྨ་ཆུའི་ཀླུང་འཁོར་གཡས་སུ་འཁྱིལ་བ་བདེ་དགེའི་མཚན་མར་པུར་ཐལ་མཆོད་པའི་དཔལ་ཁ་ལེགས།།

ལྷ་མོ་གོས་དཀར་མོ་ཡི་གནས་སུ་ཕུ་བོས་སྐྱབས་འཇུག་གཏེར་གྱི་མེ་ཏོག་ཅིག་ཅར་བཞད།།

ཕྱྭ་དང་གཡང་གི་རྟེན་འབྲེལ་ཁྲོད་ན་ཡབ་ཀྱི་རུས་པར་གསེར་གྱི་རྨི་ལམ་འོད་ཀྱིས་བཀྲུས།།


ཕུ་བོའི་ཞེ་རྩ་ཤུགས་ཀྱིས་བརླན་པའི་ལམ་སྟོན་མེ་ལོང་མིག་ཟུང་ཁྲོད་ན་བཅུད་དུ་ལྟེམས།།

མེས་པོའི་རྣམ་ཤེས་སྐད་ཅིག་འཁོར་བའི་བྲག་ཅའི་མ་ཎི་བསོད་ནམས་དག་པའི་ཞིང་དུ་སྙེམས།།

མཚོ་གྲུར་བཞུགས་པའི་དགེ་འདུན་ཚོགས་ཀྱིས་སྨོན་ལམ་བཟློས་པའི་ཆོས་ཀྱི་བྱིན་རླབས་རབ་ཏུ་མནོས།།

ཁྲི་ཤོར་རྒྱལ་མོའི་བྲང་ལ་གཏོར་བའི་ཡབ་ཀྱི་རུས་ཐལ་སྐྱབས་འཇུག་སྟོང་གི་རླབས་ལ་མཆོད།།


མདུན་རི་ཆོས་ཁྲི་བརྩིགས་པ་འདྲ་ཞིང་རྒྱབ་རི་གླང་ཆེན་ཉལ་འདྲའི་བསོད་ནམས་དཔལ་གྱིས་བརྗིད།།

གཡས་རི་གོས་ལྗང་བཏིངས་པ་འདྲ་ལ་གཡོན་གཞུང་གཡུ་འབྲུག་འཁྱིལ་བ་འདྲ་བའི་འཕྲིན་ལས་རྒྱས།།

མདོ་གདུགས་སྒྲོལ་གསུམ་ཐར་མདོ་ལྟུང་བཤེགས་ལ་སོགས་རྡོ་བརྐོས་ཆོས་ཀྱི་དགེ་རྩ་སྟོབས་ཀྱིས་ཕྱུག།

མི་འཁྲུགས་སྐུ་ཡང་མངོན་པར་རྫོགས་ཤིང་འབུམ་ཁང་དེ་ཉིད་ཡབ་ཀྱི་ཐུགས་རྗེའི་འཚང་རྒྱར་གྲུབ།།


ཕུ་བོས་སེམས་ཀྱི་ཉི་འོད་ཀློང་ན་བསླུ་མེད་ལས་འབྲས་སྟོང་གི་རྣམ་བཞག་མིག་གིས་སྲུང་།།

རེ་བའི་བརྩེ་ཞགས་ལྷ་ལྡན་ལྷ་ཡི་གྲོང་ལ་འཚང་བའི་མཆོག་གསུམ་ ཆོས་ལ་སྙིམ་པ་སྦྱར།།

མཆི་མའི་དོ་ཤལ་ཕྲེང་བས་དེད་པའི་མིང་སྲིང་རྣམས་ཀྱིས་སྐྱབས་འཇུག་དགེ་རྩ་སྙིང་ལ་སྒོམ།།

དབུས་གཙང་དག་པའི་ཞིང་དུ་མཇལ་བར་དད་བརྒྱའི་སྨོན་ལམ་སྟོབས་ཀྱིས་འོད་སྣང་སེམས་སུ་འཁྱིལ།།


སྐྱོ་མགུར་ཟབ་མོ་མཆི་མར་བརྒྱུས་ཏེ་ཡབ་ཀྱི་དག་སྣང་བསླུ་མེད་སྟོན་པའི་ཞབས་ལ་གསོལ།།

བར་དོའི་འཕྲང་ན་བརྩེ་འཛུམ་མངོན་པའི་རྣམ་ཤེས་ཧྲེང་བོ་ཐར་བའི་ལམ་རྒྱགས་ཆོས་ཀྱིས་མཛད།།

བདུན་བདུན་ཞེ་དགུའི་དགེ་བསྒྲུབ་སྟོབས་ཀྱིས་ཕན་དང་བདེ་བ་སྩོལ་བའི་ངོ་མཚར་རུས་ལ་བཀོད།།

བདག་གིས་ཡབ་ཆེན་དྲན་པའི་གདུང་དབྱངས་འདིས་ཀྱང་ཀུན་ལས་ལྷག་པའི་བྱིན་རླབས་མྱུར་འཇུག་མཛོད།།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།