ཀྲུང་གོ་བོད་ཀྱི་དྲ་བ།

ཁམས་རའི་འཕགས་དུངས་ཀྱི་གཞས་ཚིག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁམས་རའི་འཕགས་དུངས།   སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།


མཐོ་སྒང་གི་མཆོད་འབུལ།


རུས་གསེང་གི་སྨོན་འདུན་བསང་ལ་བསྒྲོན་ཡོད།

སེམས་ཁོང་གི་རླུང་རྟ་དགུང་ལ་སྤུར་ཡོད།

ཤ་རུས་ཀྱི་དབྱངས་རྟས་དཀྲོལ་བའི་དུང་སྒྲ།

གངས་རིའི་ཀློང་གི་ཚེ་སྲོག་ཡིན།

མཐོ་སྒང་གི་བོད་པ་ཚོས།

ས་ཆེན་གཙུག་ན་མཆོད་པ་ཕུལ།

སེམས་ཅན་སེམས་ལ་སྒོམ་ཡོད།

བྱམས་སེམས་ཐུགས་ལ་བསྣམས་ཡོད།


ཡབ་མེས་ཀྱི་སྲོལ་བཟང་རུས་ལ་ཐིམ་ཡོད།

སེམས་ཁོང་གི་དག་ཞིང་མིག་གིས་འཚོས་ཡོད།

དབྱངས་གསལ་གྱི་རྒྱུད་སྐུད་དཀྲོལ་བའི་གདངས་དབྱངས།

གངས་རིའི་ཀློང་གི་ཁྲག་རྒྱུན་མི་ཆད།

མཐོ་སྒང་གི་བོད་པ་ཚོས།

ས་ཆེན་གཙུག་ན་མཆོད་པ་ཕུལ།

ཤེས་རིག་གླུ་ལ་དྲངས་ཡོད།

འོད་སྣང་ཀུན་ལ་སྤྲོས་ཡོད།


ཕ་མའི་གཅེས་ལོ།

ངུ་སྐད་དང་འགྲོགས་ནས་མི་ཡུལ་ལ་སླེབས་དུས།

ཕ་མའི་སེམས་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་རྒྱས་སོང་།

ཕ་མའི་གཅེས་ལོ་ཡ་གཅེས་ལོ།

ཁྱོད་ལ་ཕ་སྐད་མ་ཡིག་གི་ནུ་ཞོ་ལྡུད་ཡ།

ཡར་ཀླུང་ཁོག་གི་ནས་རྩམ་སྟེར་ཡ།

སུ་ལ་འགྲོགས་ན་སེམས་རྒྱུད་འཁྱོག་མི་ཉན།

སུ་དང་འཕྲད་ན་བཀུར་བསྟི་འདོར་མི་ཉན།

གང་ལ་སོང་ན་བརྩོན་འགྲུས་ལྷོད་མི་ཉན།

གང་ནས་བསྡད་ན་ཕ་མ་བརྗེད་མི་ཉན།

ཕ་མའི་སྙིང་གི་གཅེས་ལོ།


དྲང་བདེན་དང་འགྲོགས་ནས་མི་ཡུལ་ལ་འགྲིམ་དུས།

ཕ་མའི་སེམས་ལ་ཡིད་ཆེས་ཀྱི་འོད་སྣང་ཤར་སོང་།

ཕ་མའི་གཅེས་ལོ་ཡ་གཅེས་ལོ།

ཁྱོད་ལ་བཙན་པོ་དཔའ་རྒོད་ཀྱི་སྤོབས་པ་བསྩོལ་ཡ།

སྒང་བ་བོད་ཀྱི་བློ་ཁོག་སྟེར་ཡ།

སུ་ལ་འགྲོགས་ན་རྒྱུ་འབྲས་བསྣོག་མི་ཉན།

སུ་དང་འཕྲད་ན་ཕ་སྐད་བརྗེད་མི་ཉན།

གང་ལ་སོང་ན་སྙིང་རྗེ་འབོར་མི་ཉན།

གང་ནས་བསྡད་ན་ཕ་ཡུལ་བརྗེད་མི་ཉན།

ཕ་མའི་སྙིང་གི་གཅེས་ལོ།


ང་ཡི་བོད་སྐད་ཡིག


མཐོ་སྒང་གི་ཡང་རྩེ་ན་འོད་ཀྱི་གཟི་བྱིན་འཕྲོ། 

ཆོལ་གསུམ་གྱི་རུས་རྐང་ན་སྲོག་གི་ལང་ཚོ་འབར། 

བོད་མི་རིགས་ཀྱི་ཁྲག་རྩ་དང་བླ་སྲོག

བོད་ཤེས་རིག་གི་ནང་བཅུད་དང་གསོན་ཤུགས། 

བོད་སྐད་ཡིག  ང་ཡི་བོད་སྐད་ཡིག

དུས་རབས་ཀྱི་འཕེལ་ལམ་དུ་ཟུངས་ཁྲག་མ་སྐམས། 

ཚན་རྩལ་གྱི་གཞུང་ལམ་དུ་བཀྲག་མདངས་མ་འབོར།

བོད་སྐད་ཡིག  ང་ཡི་བོད་སྐད་ཡིག་ཡ།

གྱི་ལིང་རྟ་ཡི་བང་རྩལ་ཚང་དགོས།

རྨ་ཀླུང་སྔོན་མོའི་བཞུར་རྒྱུན་འཛོམ་དགོས།


ལོ་རྒྱུས་ཀྱི་མེ་ལོང་ན་སྲོག་གི་རྦ་རླབས་འཕྱུར།

དག་ཞིང་གི་བོད་ཡུལ་ན་གསེར་གྱི་ཤེས་རིག་འཕྱོ།

བོད་མི་རིགས་ཀྱི་སྤོབས་པ་དང་གཟི་བརྗིད།

བོད་འཕེལ་རྒྱས་ཀྱི་བླ་སྲོག་དང་སྙིང་རྩ། 

བོད་སྐད་ཡིག  ང་ཡི་བོད་སྐད་ཡིག

གྲང་འཁྱག་གི་ཁོར་ཡུག་ཏུ་རང་ཚུགས་མ་ཤོར། 

མདུན་སྐྱོད་ཀྱི་བར་མཚམས་སུ་གོམ་ཁ་མ་ལྷོད། 

བོད་སྐད་ཡིག  ང་ཡི་བོད་སྐད་ཡིག་ཡ།

གསེར་འོད་སྟོང་གི་གཟི་བྱིན་འབར་དགོས།

ཤེས་རིག་ཁྲི་ཡི་དཔལ་ཡོན་རྒྱས་དགོས། 


མཐོ་སྒང་གི་འབྲོང་རྒོད།


མཐོ་སྒང་ན་ལྷང་ངེར་འགྱང་བའི་གསེར་གྱི་ཀ་བ།

ཚེ་སྲོག་གི་ཟུངས་ཁྲག་གངས་ལ་ཐིམ་ཡོད།

ཡིད་ཆེས་ཀྱི་ཞབས་རྗེས་བྲག་ལ་བརྐོས་ཡོད།

དཔའ་གདེང་མཐོན་པོ་ཞིག  མིག་ཟུང་རྣོན་པོ་ཞིག

རྟག་བརྟན་གྱིས་འོད་དུ་འཚེར།

ཁྱེད་ཀྱིས་བླ་སྲོག་གི་དཔའ་གདེང་ཞིག་འཁྱེར་ནས།

དྲག་ཆར་གྱི་ན་ཟུག་ལ་མ་འཛེམ་པར།

གྲང་འཁྱག་གི་འཇིག་རྟེན་འོད་དུ་བསྒྲོན།

རྨོངས་མུན་གྱི་ཡུལ་གྲུ་སད་དུ་བཅུག

ཨོ། འབྲོང་རྒོད་པོ། མཐོ་སྒང་གི་འབྲོང་རྒོད།

ཁྱེད་ཀྱིས་དག་ཞིང་གི་ཁོར་ཡུག་ཅིག་བསྐྲུན་ནས།

བཀྲེས་ལྟོགས་ཀྱི་སྐོམ་གདུང་ལ་མ་འཛེམ་པར།

ཕ་ཡུལ་གྱི་རི་ཆུ་གཏན་དུ་སྲུང་།


རྫ་སྒང་ན་ལྷམ་མེར་འཚེར་བའི་གསེར་གྱི་མར་མེ།

རུས་རྐང་གི་དྲོད་ཁུ་སྤང་ལ་འདྲེས་ཡོད།

བློ་སེམས་ཀྱི་འདུན་མ་སྦྲ་ལ་བཅོལ་ཡོད།

རྨིག་སྒྲ་དྲག་པོ་ཞིག  རྭ་ཁ་རྣོན་པོ་ཞིག

རྟག་བརྟན་གྱིས་འོད་དུ་འབར།

ཁྱེད་ཀྱིས་མཚར་སྡུག་གི་ལོ་ཟླ་ཞིག་བསྐྲུན་ནས།

དཀའ་སྡུག་གི་རྔུལ་ཁྲག་ལ་མ་འཛེམ་པར།

བདེ་སྐྱིད་ཀྱི་འོད་སྣང་རིང་དུ་བསྲིངས།

གཞན་ཕན་གྱི་སེམས་ཤུགས་བྲག་ལས་བརྟན།

ཨོ། འབྲོང་རྒོད་པོ། མཐོ་སྒང་གི་འབྲོང་རྒོད།

ཁྱེད་ཀྱིས་ཆོལ་གསུམ་གྱི་ཐུགས་འདུན་བསྣམས་ནས།

ན་ཟུག་གི་འོ་དོད་སྒྲོག་ཞོར།

རུས་རྐང་གི་ཞག་ཁུ་འོད་དུ་བསྒྲོན།


རྨ་ཆེན་གངས་རི།


གངས་རྩེ་གནམ་ལ་ཟུག

གངས་འདབས་སྤང་ལ་འདྲེས།

གངས་ཆུ་བོད་ལ་སིམ།

གངས་མཐོན་པོ་ཨ་མྱེས་རྨ་ཆེན་རེད།

བོད་ཁ་བ་ཅན་གྱི་བླ་རི་རེད།

ཨ། རྨ་ཆེན་གངས་རི། རྨ་ཆེན་གངས་རི།

མཐོན་པོ་རྫ་ན་གཟི་འོད་འཚེར།

སྲིད་པོའི་རྩེ་ན་བརྟན་ཞིང་བརྗིད།

བོད་འཕྲིན་ལས་རྒྱས་པའི་མཚོན་རྟགས་རེད། 


གངས་རྩེ་སྤྲིན་ལ་ཟུག 

གངས་རྐེད་སྤང་ལ་འདྲེས།

གངས་རྒྱུད་བོད་ལ་འཐེན།

གངས་བརྗིད་པོ་ཨ་མྱེས་རྨ་ཆེན་རེད།

བོད་སྙིང་རྗེ་ཅན་གྱི་དག་ཞིང་རེད།

ཨ། རྨ་ཆེན་གངས་རི། རྨ་ཆེན་གངས་རི།

གླིང་དཀར་སྟོད་ན་བྱིན་རླབས་ཆེ།

གོ་ལོའི་ལྗོངས་ནས་དཀར་ཞིང་གཙང་། 

བོད་བྱམས་སེམས་ཆེ་བའི་མཚོན་རྟགས་རེད།

མཚོ་ཆེན་ཁྲི་ཤོར་རྒྱལ་མོ།


མཐོ་སྒང་ན་ཡ་མེད་ཀྱི་གསོན་ཤུགས་འཁྱིལ།

ས་ཆེན་པོའི་ལྟེ་བ་ན།

འོད་དུ་འཁྱིལ་བའི་སེམས་ཀྱི་མཚོ་སྔོན་པོ།

གནམ་སའི་ལྟེ་ཐག་མཐུད་ནས་དཔའ་བོའི་བླ་སྲོག་བསྐྲུན།

བྱ་ཁྱུའི་ཨ་ལོང་སྦྲེལ་ནས་ཞི་བདེའི་རླབས་ཕྲེང་བཟོ།

ཨ། ཁྲི་ཤོར་རྒྱལ་མོ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

སེམས་ཀྱི་ཕ་ས་སྲུང་མཁན་ཁྲི་ཤོར་རྒྱལ་མོ།

བཙན་པོའི་གདུང་རྒྱུད་སྐྲུན་མཁན་ཁྲི་ཤོར་རྒྱལ་མོ།

མེས་པོའི་སྲོལ་དང་ལོ་རྒྱུས་སྙིང་ལ་གསལ་བའི་མཚོ་སྔོན་པོ།

ཁྱེད་ནི་ལོ་རྒྱུས་ཀྱི་མེ་ལོང་ཡིན།

གངས་ལྗོངས་ན་ཟོལ་མེད་ཀྱི་བདེན་ལུགས་འཁྱིལ།

ཐང་ཆེན་པོའི་ཁུགས་སོ་ན།

ལྷོད་ཀྱིས་འཁྱིལ་བའི་སེམས་ཀྱི་མཚོ་སྔོན་པོ།

གཏེར་ཚྭའི་བང་མཛོད་ཕྱེས་ནས་འགྲོ་དྲུག་ཁྲི་འབུམ་སྐྱོང་།

མཚར་སྡུག་ངོ་མཚར་བསྟན་ནས་སྐུ་མགྲོན་ཁྲི་སྟོང་འགུགས།

ཨ། ཁྲི་ཤོར་རྒྱལ་མོ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

དུས་ཀྱི་རྔ་སྒྲ་རྡུང་མཁན་ཁྲི་ཤོར་རྒྱལ་མོ། 

རྨི་ལམ་འོད་དུ་སྒྲོན་མཁན་ཁྲི་ཤོར་རྒྱལ་མོ།

དུས་ཀྱི་མདུན་དང་གོམ་འགྲོས་སྔོན་ལ་བསྐྱོད་པའི་མཚོ་སྔོན་པོ།

ཁྱེད་ནི་དུས་རབས་ཀྱི་ལང་ཚོ་ཡིན། 


ང་ཡི་སྲོག་རྩ།


གངས་རིའི་ཀློང་ལ་ཟུག་ཡོད།

ཆོལ་གསུམ་རུས་ལ་སིམ་ཡོད། 

མེས་པོའི་བློ་རྩལ་ལས་འཁྲུངས་བའི་བླ་སྲོག

གོ་ལའི་ཡང་རྩེ་ནས་སྒྲོན་པོའི་མར་མེ།

ཨོ། བོད་སྐད་ཡིག སྒང་བ་བོད་ཀྱི་སྐད་ཡིག

འོད་ཟེར་སྟོང་གི་ཞབས་རྗེས་བསྐྲུན་ཡོད།

རྨོངས་མུན་ཁྲི་ཡི་ཡོལ་རས་ཕྱེས་ཡོད།

བོད་འཕེལ་རྒྱས་ཀྱི་སྲོག་རྩ་བརྟན་པོ།

བོད་ཤེས་རིག་གི་ཉིང་བཅུད་དྲོན་མོ།

ཨོ། བོད་སྐད་ཡིག ང་ཡི་སྲོག་དང་སྙིང་རྩ།


ཉི་ཟླའི་ཀླང་ལ་ཟུག་ཡོད། 

བཀྲག་མདངས་བོད་ལ་སིམ་ཡོད། 

བཙན་པོའི་ངག་སྒོ་ལས་འཁྲུངས་བའི་བཀའ་ལུང་། 

གངས་རིའི་དབུ་རྩེ་ནས་མཆེད་པའི་སྒྲོན་མེ། 

ཨོ། བོད་སྐད་ཡིག སྒང་བ་བོད་ཀྱི་སྐད་ཡིག

རིགས་རྒྱུད་སྟོང་གི་ལང་ཚོ་བསྐྲུན་ཡོད།

ཚན་རྩལ་ཁྲི་ཡི་བགྲོད་ལམ་ཕྱེས་ཡོད། 

བོད་འཚོ་བརྟེན་གྱི་འགག་སྒོ་ཕྲ་མོ། 

བོད་སྟོབས་འབྱོར་གྱི་སྙིང་རྩ་གསོན་པོ། 

ཨོ། བོད་སྐད་ཡིག ང་ཡི་སྲོག་དང་སྙིང་རྩ།


ཁྲི་ཀའི་ཆུ་ཁོལ།


སྟེང་ཕྱོགས་ལྷ་ཡུལ་ནས་བབས་པའི་ཆུ་མིག

ས་ཆེན་ལྟེ་བ་ནས་འཕྱུར་བའི་ཆུ་ཁོལ།

འགྲོ་དྲུག་ནད་བརྒྱ་འཇོམས་པའི་རང་བྱུང་སྨན་ཆུ།

ལྷོག་ལྷོག་ཏུ་གདུས་ནས་ལྟེམས་ལྟེམས་བྱེད།

ཨ། ཁྲི་ཀའི་ཆུ་ཁོལ། ལྷ་ཡི་ཆུ་ཁོལ།

དྲོད་མི་གཅིག་པའི་ཆུ་ཚན་རེ་རེ།

སྣ་མི་གཅིག་པའི་ཕན་ཡོན་རེ་རེ།

ལུས་སེམས་སུ་དྲོད་ཀྱིས་འཁྱིལ་བྱུང་།

ཤ་རུས་སུ་ཡུན་གྱིས་སིམ་སོང་།

ཁྱེད་ནི་མི་ཡུལ་གྱི་བདེ་སྐྱིད་ཆུ་ཁོལ་རེད། 


འོག་ཕྱོགས་ཀླུ་ཡུལ་ནས་བསྐོལ་བའི་ཆུ་མིག

བྲག་རོང་བར་སྲུབས་ནས་ཐོན་པའི་ཆུ་ཁོལ།

གང་ཟག་ཁྲི་འབུམ་སྐྱོང་བའི་རང་བྱུང་ལྷ་རྗེ།

ཤག་ཤག་ཏུ་བཞུར་ནས་ཆེམ་ཆེམ་འཚེར། 

ཨ། ཁྲི་ཀའི་ཆུ་ཁོལ། ཀླུ་ཡི་ཆུ་ཁོལ།

ཁུངས་མི་གཅིག་པའི་ཆུ་མིག་རེ་རེ།

ཡོན་མི་གཅིག་པའི་ནུས་རྩལ་རེ་རེ། 

བློ་ངོས་སུ་ལྷོད་ཀྱིས་འཁྱིལ་བྱུང་། 

རྩ་ལམ་དུ་རིམ་གྱིས་བཞུར་སོང་།

ཁྱེད་ནི་མི་ཡུལ་གྱི་རིན་ཆེན་གཏེར་ཆུ་རེད། 


ཞབས་བྲོ་འཁྲབ་ཡ།


སེམས་ཀྱི་རོལ་ཆ་ལྡིར་ལྡིར་ལྡིར།

རྐང་བའི་དྲིལ་ཆུང་སིང་སིང་སིང་། 

གར་ཀྱི་སྟངས་སྟབས་ལྡེམ་ལྡེམ་ལྡེམ། 

ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ། 

སྟག་གཟིག་ནགས་ནས་མཆོངས་མཆོངས། 

ཉ་མོ་མཚོ་ནས་འཁྱུག་འཁྱུག 

ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ། 

སེམས་སྤྲོ་བས་ཁེངས་ནས་ཞབས་བྲོ་འཁྲབ། 

བོད་ཆོལ་གསུམ་འཛོམས་པའི་འཛོམས་བྲོ་འཁྲབ། 


ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ། 

སེང་ཕྲུག་གངས་ནས་འགྱིང་འགྱིང་། 

ཉི་ཟླ་དགུང་ནས་ཤར་ཤར། 

ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ།

ཕྲུག་ཚ་རུ་གྱོན་ནས་ཞབས་བྲོ་འཁྲབ། 


བོད་ཟས་བཅུད་འཁོར་བའི་གཡང་བྲོ་འཁྲབ། 

དགའ་བའི་གླུ་གཞས་ལྷང་ལྷང་ལྷང་། 

སྤྲོ་བའི་ང་རོ་ཟེད་ཟེད་ཟེད།

རྐང་གི་ལྷམ་སྒྲ་ཐྲིག་ཐྲིག་ཐྲིག 

ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ། 

རྒོད་པོ་མཁའ་ནས་འཕུར་འཕུར། 

རྟ་མཆོག་སྤང་ནས་རྒྱུག་རྒྱུག 

ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ། 

ཐུགས་ལྷོད་ལ་བབས་ནས་ཞབས་བྲོ་འཁྲབ། 

བོད་ཤེས་རིག་འཕེལ་བའི་ཞབས་བྲོ་འཁྲབ། 

ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ། 

རྦབ་ཆུ་བྲག་ནས་འབབ་འབབ། 

འབྲོང་གཡག་རྫ་ནས་ངུར་ངུར། 

ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ།

བློ་རིག་པ་སྒྲིམ་ནས་ཞབས་བྲོ་འཁྲབ། 

བོད་གླུ་གར་འཕེལ་བའི་ཞབས་བྲོ་འཁྲབ། 


ཨ་ཕའི་དུ་ཁུག


ཚི་དྲེག་ཆགས། ལྷན་པ་བརྒྱབ།

ཨ་ཕའི་དུ་ཁུག་གློ་བུར་དུ་རྙིང་ཐལ།

བུ་ཕྲུག་སློབ་གྲྭ་རུ་སྐྱེལ་སྐབས།

ཁྱིམ་ཚང་དཀའ་ཁག་ལ་ཐུག་དུས།

ཨ་ཕས་དུ་ཁུག་བཟུང་ནས་དུ་བ་འཐེན་ཐལ།

དོན་དག་གང་མང་ཡུན་གྱིས་བསྒྲུབས་ཐལ། 

ཨ།   ཨ་ཕའི་དུ་ཁུག  བློ་ཡི་དུ་ཁུག

ཁྱེད་ཀྱིས་ཡིད་ཆེས་ཀྱི་ཁ་ཕྱོགས་འཚོལ་ཐུབ།

ཁྱེས་ཀྱིས་དྲོད་སྐྱིད་ཀྱི་ཉི་འོད་བསུ་ཐུབ།

ཁྱེད་ཀྱིས་བློ་གྲོས་ཀྱི་སྒོ་མོ་དབྱེ་ཐུབ།

ཁྱེད་ནི་ཨ་ཕའི་ཐབས་ཤེས་ཀྱི་མཛོད་ཁུག་རེད། 


གཉེར་མས་ཁེངས། དབུ་སྐྲ་དཀར།

ཨ་ཕའི་ལུས་ཕུང་བལྟས་བལྟས་ལ་རྒས་ཐལ།

ལོ་ལོན་གཟི་མདངས་དེ་ཉམས་སྐབས།

སེམས་ཁུར་ཇེ་མང་ལ་འགྲོ་དུས། 

ཨ་ཕས་དུ་ཁུག་བཟུང་ནས་དུ་བ་འཐེན་ཐལ།

ལུས་ཀྱིས་མ་ལྕོགས་སྒུར་ཏོ་ཉན་ཐལ། 

ཨ།   ཨ་ཕའི་དུ་ཁུག  གདོན་གྱི་དུ་ཁུག

ཁྱེད་ཀྱིས་དུག་རླབས་ཀྱི་ནད་ཡམས་བསུས་བྱུང་།

ཁྱེད་ཀྱིས་དག་གཙང་གི་ཁོར་ཡུག་བརླགས་སོང་། 

ཁྱེད་ཀྱིས་ཚེ་སྲོག་གི་ལང་ཚོ་བཅོམ་སོང་།

ཁྱེད་ནི་ཨ་ཕའི་ལུས་ཕུང་གི་དགྲ་བོ་རེད། 


ལོ་སར་བསུ་གླུ།


བོད་ཡུལ་སྐྱིད་པའི་ཕ་ཁྱིམ་དུ།

གླུ་རྩེད་རིག་ཨ་ལོང་འཁོར་འཁོར་རེད།

ཟས་ཞིམ་པོའི་གསོལ་སྟོན་བརྒྱ་དང་བརྒྱད།

ནང་ཁྱིམ་མི་འཛོམས་ནས་ལོ་སར་བསུ།

ལོ་སར་བསུ་ན་ལོ་སར་བསུ།

ལོ་གསར་བ་སྐྱིད་ཀྱི་སྣ་འདྲེན་རེད།

བོད་ཞིང་ཕྱུག་ཡག་པའི་ལོ་སར་བསུ།

བོད་ཤེས་རིག་འཕེལ་བའི་ལོ་སར་བསུ།

བོད་བདེ་སྐྱིད་ཡོང་བའི་ལོ་སར་བསུ།


བོད་ཡུལ་གཡང་གི་ཞིང་ཁམས་སུ།

གཡང་འདོད་དགུ་གྲུ་ཆར་འབབ་འབབ་རེད། 

རྫས་བཀྲ་ཤིས་རི་མོ་བརྒྱ་དང་བརྒྱད།

བོད་ཆོལ་གསུམ་འཛོམས་ནས་ལོ་སར་བསུ།

ལོ་སར་བསུ་ན་ལོ་སར་བསུ།

ལོ་གསར་བ་གཡང་གི་རྒྱ་མཚོ་རེད། 

བོད་ཟས་གཡང་འཁོར་བའི་ལོ་སར་བསུ། 

བོད་ཚེ་གཡང་བརྟན་པའི་ལོ་སར་བསུ།

བོད་ནོར་གཡང་འཕེལ་བའི་ལོ་སར་བསུ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།