སྐད་ཆའི་ངོ་བོ་དང་ཁྱད་ཆོས།

དང་པོར་ས་བྱུང་ཡུལ་དོད་སྲོག་ཆགས་རྒྱུ། །

མི་དང་སྲོག་ཆགས་གཞན་གྱི་དབྱེ་བ་མེད། །

དེ་ནས་སྤྲ་དང་སྤྲེའུ་འདུས་ལས་མི་བྱུང་ཡང་། །

ཡུན་རིང་སྐད་མེད་རི་དྭགས་ལྟ་བུར་གནས། །

ཁྱེའུའི་སྒྲ་སྐད་གཅིག་ལའང་དོན་མང་ལྟར། །

ཡིད་འགྱུར་དབང་གིས་ཐོག་མར་སྐད་བརྒྱབ་པ། །

གཞན་གྱིས་ལད་ཟློས་དེས་ཀྱང་དེ་ལྟར་བྱས། །

སྒྲ་སྐད་སྣ་ཚོགས་བསགས་པས་སྐད་ཆ་བྱུང་། །

རང་གི་འདོད་དབང་ལྟར་སྦྱར་བརྡ་དེ་དག །

དོན་དམིགས་སྒྲ་བྱུང་མཐུན་སྣང་ཀུན་གྲགས་ཤིང་། །

མངོན་པར་ཞེན་པས་སྒྲ་དོན་འབྲེལ་གྲུབ་པ། །

དོན་ལྡན་སྒྲ་ཡི་སྦྱོར་བ་མངོན་པར་ཆགས། །

མིང་བརྡ་ཐོར་བུར་ལག་པའི་བརྡ་དང་བཅས། །

སེམས་ཀྱི་འགྱུར་བ་སྟོན་པའི་སླད་བྱས་པ། །

རིམ་གྱིས་ལག་བརྡ་བསལ་བའི་སྟོང་ཆ་རུ། །

མིང་སྔའི་ཕྱི་ཆ་བསྲིངས་པས་ཚིག་ཕྲད་བྱུང་། །

མི་ཡིས་སྐད་བརྒྱབ་སྐད་ཆས་མི་བསྐྲུན་པས། །

མི་དང་སྐད་ཆའི་རྒྱུན་ལ་རིང་ཐུང་མེད། །

མི་ཉིད་གླེང་ན་སྐད་ཆར་བརྟེན་དགོས་ཕྱིར། །

མི་ཡི་ལོ་རྒྱུས་སྐད་ཆའི་གླེགས་བམ་ཡིན། །

སྒྲ་གང་དུམ་བུར་གསིལ་ཞིང་བསྐྱར་དུ་ཟློ། །

དོན་དང་འབྲེལ་ཞིང་བརྗོད་ལུགས་གཏན་ཆགས་པ། །

སྲོག་ཆགས་གཞན་གྱི་སྐད་དང་ཁྱད་འབྱེད་པའི། །

མི་ཡི་སྐད་ཆའི་ཁྱད་ཆོས་རྣམ་བཞི་ཡིན། །

མི་ཡི་ཁ་ནས་ཕྱུང་ཚད་སྐད་ཆ་མིན། །

རང་གི་ཚོགས་པ་སྤྱི་དང་ཐུན་མོང་བའི། །

བརྗོད་ལུགས་མཚུངས་པ་ད་གཟོད་སྐད་ཆ་སྟེ། །

སྐད་ཆ་མཚུངས་ན་བསམ་བློའི་འཛིན་སྟངས་མཐུན། །

སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་ནི། །

གཞན་གྱིས་གོ་བའི་སྐད་ཆ་སྨྲ་ཤེས་ཤིང་། །

རང་སྐད་གཞན་གྱིས་ཇི་བཞིན་གོ་བ་སྟེ། །

སྐད་ཆའི་བརྡ་སྤྲོད་ཕན་ནུས་གཉིས་སུ་ངེས། །

གནས་ཡུལ་འཚོ་ཚིས་བསམ་བློ་སྐད་ཆ་བཅས། །

མི་རིགས་ཐ་དད་འབྱེད་བྱེད་ཁྱད་རྟགས་བཞི། །

གནས་ཡུལ་འཚོ་ཚིས་འགྱུར་བའི་ངང་དུ་གནས། །

བསམ་བློ་སྒྲ་ལ་ཉར་ཕྱིར་སྐད་ཆ་གཙོ། །

བསམ་བློའི་འདུ་ཤེས་སྒྲ་ཡི་རྣམ་པར་བརྒྱུས། །

སྐད་ཆའི་སྒྲིག་རིམ་བསམ་བློ་གཏོང་རིམ་སྟེ། །

སྐད་ཆ་བསམ་བློ་གཉིས་ནི་མངོན་འདྲེས་པ། །

ཕན་ཚུན་རྟེན་འབྲེལ་རྒྱུ་འབྲས་ཉིད་དུ་ངེས། །

མི་ལ་མངའ་བའི་ལག་ཆ་ཀུན་གྱི་ནང་། །

འཁྱེར་བདེ་འཁུར་ཡང་གཞན་གྱིས་འཕྲོག་མིན་ཞིང་། །

འབྱོར་བ་རིགས་རུས་ཐོབ་ཐང་ཁྱད་མེད་པ། །

སྐད་ཆའི་ནོར་བུ་འདི་ལས་གཞན་ཡོད་མིན། །

སྐད་ཆའི་སྦྱོར་བ་མི་འདྲ་སྣ་ཚོགས་པ། །

བསམ་བློའི་འདུ་ཤེས་འཛིན་སྟངས་མི་མཚུངས་པའི། །

རྟགས་སུ་ངེས་ན་གཞན་སྐད་སྤྱོད་བྱེད་པ། །

རིགས་ཀྱི་འདུ་ཤེས་གཞི་ནས་ཉམས་པའི་རྟགས། །

རིག་པ་ཟ་ཟི་ཅན་གྱི་སྐད་ཆ་འཆོལ། །

སྐད་ཆའི་སྦྱོར་བར་གཏན་ཚིགས་གསལ་བ་ཅན། །

ནང་གི་ཤེས་པ་འོད་བཞིན་གསལ་བའི་རྟགས། །

སྐད་ཆ་མི་འདྲ་བསྡུར་པས་ཁྱད་པར་རྟོགས། །

མི་རིགས་ཤིག་གི་གནས་མལ་གོམས་སྲོལ་དང་། །

སྤྱི་ཚོགས་འཕེལ་འགྲིབ་རིག་གནས་དར་རྒུད་དང་། །

བསམ་བློའི་མོས་པ་ཚོང་འགྲུལ་དམག་འཁྲུག་སོགས། །

ཅི་དང་གང་བྱས་ཐམས་ཅད་སྐད་ཆར་ཉར། །

སྐད་ཆ་ཞེས་པ་སྤྱི་ཚོགས་དང་བསྡོངས་ནས། །

མིང་གི་བྱེ་བྲག་འགའ་ཞིག་སྔོན་བྱུང་ཞིང་། །

གཞན་འགའ་རིམ་གྱིས་རྗེས་སུ་བྱུང་བའི་ཕྱིར། །

མིང་གི་འཕེལ་འགྱུར་དག་ལས་ལོ་རྒྱུས་རྟོགས། །

འཇིག་རྟེན་ཐམས་ཅད་གནས་ལུགས་ངང་དུ་གནས། །

ཕྱི་རོལ་དོན་གྱི་གནས་ལུགས་ཇི་ལྟ་བ། །

རྗོད་བྱེད་སྒྲ་ཡིས་དེ་བཞིན་སྟོན་བྱེད་པ། །

སྐད་ཆའི་བརྗོད་སྟོབས་ཆེ་བའི་ཡོན་ཏན་ཉིད། །

གནས་པ་ལྟོས་བཅས་འགྱུར་བ་ལྟོས་མེད་ཀྱི། །

གནས་ལུགས་སྒྲ་ཡི་འགྲུབ་རྐྱེན་གྱིས་མཚོན་པ། །

དོན་གྱི་སྦྱོར་བར་རིག་པ་འབྱོངས་པའི་རྟགས། །

རང་རེའི་སྐད་ཆའི་སྟེང་ན་ཝལ་ལེར་གསལ། །

མི་རིགས་ཀུན་ལ་སྐད་ཆ་ཡོད་པ་མིན། །

སྐད་ཆ་ཡོད་ཀྱང་ཐམས་ཅད་མཚུངས་པ་མིན། །

སྐད་ཆའི་སྦྱོར་ལུགས་དོན་གྱི་བསྟན་ལུགས་ལས། །

གསེར་དང་རག་གི་ཁྱད་པར་གསལ་བར་འགྱུར། །

མིང་གིས་དོན་བཏགས་དོན་ནི་མིང་གིས་མཚན། །

མིང་དོན་འབྲེལ་འཛིན་རིག་པའི་འཁྱེར་སོ་ལས། །

མི་རིགས་ཤིག་གི་བློ་གྲོས་རྩིང་ཞིབ་དང་། །

དོན་གྱི་གནས་ལ་འཆིང་བའི་འདུ་ཤེས་དཔོག །

མིང་གི་གྲངས་ཀས་ཤེས་བྱའི་རྣམ་གྲངས་མཚོན། །

ཚིག་ཕྲད་སྦྱོར་བས་དོན་གྱི་གནས་ལུགས་གསལ། །

ཕྲད་མེད་མིང་བརྡ་ཁོ་ནས་དོན་སྟོན་པ། །

བྱེ་མའི་འཆིང་བུ་བཞིན་དུ་གཏན་ཚིགས་དབེན། །

བརྗོད་བྱ་དོན་མཐུན་སྦྱོར་བ་གཏན་ཚིགས་ཅན། །

ཡིད་ཆེས་ཕེར་བའི་སྐད་ཆ་ཡང་དག་ཡིན། །

ཚིག་དོན་ཉམས་ལྡན་སྡེབ་འགྲིག་སྦྱོར་ལེགས་པ། །

ཉན་པར་སྤྲོ་བའི་སྐད་ཆ་སྙན་མོ་ཡིན། །

ཟློས་གར་མཁན་པོའི་ལུས་ཀྱི་རྣམ་འགྱུར་དང་། །

ཆོས་ལུགས་ཆོ་གའི་ཕྱག་རྒྱ་སྣ་ཚོགས་ལ། །

བརྡ་དོན་མཚོན་བྱ་ངེས་ཅན་ལྡན་མཆི་ཡང་། །

སྐད་ཆ་ལས་ལྷག་བརྡ་ཐབས་གཞན་དུ་མེད། །

སྐད་ཆ་བཤད་ན་ཁོག་པ་རིག་གོ་ཞེས། །

གནའ་མིའི་གཏམ་དཔེར་གྲགས་པའི་དོན་དེ་ཡང་། །

སྐད་ཆའི་གདངས་ལ་སེམས་པ་སྐྱོན་པའི་ཕྱིར། །

སེམས་ན་ཅི་ཡོད་སྐད་ཆའི་སྦྱོར་བར་གསལ། །

ཤུག་པ་གསོམ་པ་སྟག་པའི་བུད་ཤིང་ལ་། །

རང་གི་དྲི་མཐུན་དུ་བ་འཕྱུར་བ་བཞིན། །

སེམས་ཀྱི་དགའ་སྐྱོ་ཆགས་སྡང་འགྱུར་བའི་ཚོགས། །

མིང་བརྡའི་ཁྱད་པར་ལས་བྱུང་ཚིག་གིས་སྟོན། །

ཕ་མེས་རབས་བརྒྱུད་རིག་པའི་ནོར་བུ་མཆོག །

ཉར་བྱེད་གན་མཛོད་སྐད་ཆ་ཁོ་ན་སྟེ། །

སྐད་ཆ་ཐ་དད་འདུ་ཤེས་ཐ་དད་ཕྱིར། །

སྐད་ཆ་ཅི་བཤད་ངོས་དག་གཙང་མ་ཤོད། །

མི་རིགས་གཅིག་ལའང་ཡུལ་ཁམས་ལས་རིགས་དང་། །

ཕོ་མོ་རྒན་གཞོན་དར་མའི་ཁྱད་ཡོད་ན། །

ལས་ཀ་ན་སོ་དང་མཐུན་སྐད་ཡོད་ཕྱིར། །

སྐད་ཆ་གང་ལའང་ཡུལ་སྐད་མེད་མི་སྲིད། །

མདོ་ཁམས་དབུས་གཙང་སྐད་ཆའི་ཁྱད་པར་ལས། །

ཡུལ་གྱི་གནས་བབ་སྐད་ཆའི་འཕེལ་འགྱུར་གྱི། །

འགྲོས་རིམ་དལ་མགྱོགས་ཇི་བཞིན་མཚོན་པས་ན། །

ཡུལ་སྐད་སོ་སོར་རིན་ཐང་ཕྱུར་བུར་གཏམས། །

ཡུལ་སྐད་མི་འདྲ་རིག་གནས་སྣ་མང་བའི། །

རྟེན་དང་མཚོན་བྱེད་ཉིད་དུ་ངེས་གྱུར་ཀྱང་། །

སྤྱི་མཐུན་སྐད་ཆའི་བརྗོད་ལུགས་ཤིག་མེད་ན། །

མི་རིགས་གཅིག་ཀྱང་སོ་སོར་དབྱེ་ཉེན་ཆེ། །

ཡུལ་ལུང་སྐད་ཆའི་བརྗོད་ལུགས་རིས་ཅན་དོར། །

སྤྱི་མཐུན་བརྗོད་པ་བརྩོན་པས་ལྷུར་ལེན་ཞིང་། །

ཅི་བཤད་གོ་བརྡ་འཕྲོད་ཕྱིར་འབད་བགྱིས་ན། །

ཀུན་གྱིས་གོ་བའི་སྤྱི་སྐད་ངང་གིས་ཆགས། །

སྐད་ཆ་སྣ་མང་རིག་གནས་སྣ་མང་དང་། །

སྐད་ཆ་ངོས་དག་བསམ་བློ་ངོས་གཙང་གི །

རྟགས་སུ་ངེས་ཕྱིར་སྔོན་ནས་ད་་ལྟའི་བར། །

མི་རིགས་སོ་སོས་སྐད་ཆ་སྲོག་ཏུ་ལྟ། །

སྐད་ཆ་རེ་འགའི་ཁྱད་ཆོས་ཅུང་རྟོགས་ནས། །

སྐད་ཆའི་ལས་ཀར་བརྟེན་པའི་དགེ་མིང་ཞིག །

སྐད་ཆ་སོ་སོའི་རང་མདངས་ཡུན་བརྟན་སླད། །

སྐད་ཆའི་བདག་པོ་རྣམས་ལ་སྲི་ཞུར་ཕུལ། །

 ཅེས་པ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཆེན་པོ་དག་གི་སྐད་ཆའི་སྐོར་གྱི་གསུང་རྩོམ་འགའ་ཞིག་ལ་མཇལ་པའི་དྲན་འཆར་དུ་ལྕགས་ཐར་རྒྱལ་དུ་འབོད་པས།   སྤྱི་ལོ2013ལོའི་སྤྱི་ཟླ8པའི་ཚེས20ལ་སུག་བྲིས་སུ་བགྱིས་པ།  ཟླ་དེའི་ཚེས23ལ་ཡང་བསྐྱར་བཅོས་ཏེ་དག་པར་ཞུས་པའོ། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།