ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེས་ཆེན་གྱི་ཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འཇམ་དཔལ།   སྤེལ་དུས། : 2020-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོན་མི་ཨ་ནུ།

ལྷགས་རླུང་འཇམ་པའི་ཞོགས་པ་དེར།

འོ་ཇ་དང་སློག་པའི་བདེ་དྲོད་བོར་ཞིང་།

ཆགས་ས་དང་ཞེན་ཡུལ་རྒྱབ་ཏུ་བསྐྱུར་ནས།

བཀའ་ལུང་རྣལ་མ་ཞིག་ཐུགས་ལ་བརྐོས།

གཟི་བརྗིད་ཀྱི་ལས་འགན་ཞིག་གི་སླད་དུ།

བློ་སྤོབས་ཀྱི་དཔའ་གདེང་ཁྱེར་ཏེ།

གངས་དཀར་ཏི་སེ་ཐོད་ཀྱིས་བརྒལ་ཞིང་།

མ་ཕམ་གཡུ་མཚོ་འཕྲེད་ཀྱིས་གཤགས། 


ཚ་གྲང་གི་གདུང་བས་མནན་ཀྱང་དཔའ་མ་ཞུམ།

གཅན་གཟན་གྱི་ངར་སྐད་རྒོད་ཀྱང་བློ་མ་ཕམ།

གཞན་ཡུལ་གྱི་འགག་འཕྲང་དོག་ཀྱང་ཉྭ་མ་འདར།

ཤེས་རབ་ཀྱི་སྤྱན་ཟུང་ལྷོད་ཀྱིས་ཕྱེས་ཏེ།

འདོད་འདུན་ཟབ་མོ་དེ་ཁོ་ན་སྙིང་ཁ་རུ་སྒོམ་གྱིན།

ཐོབ་ཤོར་ཡོད་ཚད་རང་ཉིད་ལ་བཞག་ཅིང་།

རྒྱལ་ཕམ་ཅི་བྱུང་སྙིང་སྟོབས་ལ་བསྟིམས།


ལོ་ངོ་བདུན་དེ།

བླ་མ་བླ་མ་རུ་བཀུར་བའི་མི་ལོ་བདུན་དང་།

རིག་པ་རིག་པས་གྲོལ་བའི་ལོ་ངོ་བདུན་དུ་གྲུབ་འདུག་པས།

བརྩོན་འགྲུས་ཀྱིས་བསྐྱལ་བའི་མི་ལོ་བདུན་དེ།

དབྱངས་གསལ་གྱི་གཅེས་ཕྲུག་ཟུང་གཅིག་དང་།

མི་ཡུལ་ན་འཚེར་བའི་འཕགས་ནོར་བདུན་དང་ཤིན་ཏུ་འདྲ་བས།

སློབ་དཔོན་གྱི་མཚན་བྱང་ཐོག་མ་བཞེས་ཤིང་།

བློན་ཚོགས་ཀྱི་ཕྲག་དོག་ཅིག་ཅར་དུ་བཅོམ།


ཐོན་མི་ཨ་ནུའི་བུ།

ཨ་མའི་བུ་རྒོད་པོ།

ཁྱེད་ཉིད་བཞུགས་པ་ནས།

ཆོས་སྲིད་ཀྱི་ཉི་ཟླ་དགུང་ནས་འཆར་ཞིང་།

བོད་ཡུལ་གྱི་མངའ་ཐང་གླིང་བཞིར་སྤེལ།

བདེ་སྐྱིད་ཀྱི་དགོད་སྒྲ་ས་སྟེང་དུ་ཁྱབ།

རྟ་ནོར་ལུག་གསུམ་གྱི་རང་ཁྱིམ་འདི།

ཉི་མ་བཞིན་དྲོ་ཞིང་འབར་ལ།

གངས་རི་ར་བ་ཡིས་བསྐོར་བའི་རང་ཡུལ་འདི།

བརྟན་བརླིང་གི་མ་ཎི་ཡི་གེ་དྲུག་མ་ལྟར།

ས་སྒང་འདིའི་བདག་པོར་གྱུར་ཡོད།

ས་པཎ།

ཉི་མ་དང་ཐག་ཉེ་ས་ནས།

ཨ་ཁུ་ཚོར་བློ་མ་དྲིས།

ཨ་ནེ་ཚོར་བྲོ་མ་བསླངས།

ཁ་ཟས་སུ་ལྟོ་གོས་ཧྲལ་ཧྲུལ་བསྟེན་ཞིང་།

རྒྱབ་རྟེན་དུ་བརྩོན་འགྲུས་ཀྱི་གྲོགས་པོ་ཉར་ཏེ།

མི་ཡུལ་འདིར།

བསླངས་མ་མྱོང་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བཞེངས་གྲུབ་མཛད།

ལམ་ཁ་འདི་ཇི་འདྲའི་ཛ་དྲག་ཆེ་ན་ཡང་།

ཁེར་རྐྱང་གི་མི་བུ་འདིས།

བློ་སྤོབས་ཀྱི་གོམ་ཁ་ལྷོད་མ་མྱོང་ལ།

ངོ་གདོང་མི་གཅིག་པའི་འཕྲོག་བྱེད་དགའ་བོ་དང་།

གོ་དན་གཉིས་མཛའ་བོའི་དྭངས་མར་བཀུག

ཤིང་རྟའི་སྲོལ་འབྱེད་འདིས།

བཅུ་ཕྲག་རིག་གཞུང་གི་གསེར་གྱི་ཐིགས་པ་གངས་ཅན་ལྗོངས་ལ་སྟོར།

རི་བོའི་གཏོས་དང་མཉམ་པའི་གླེགས་བམ་གྱི་གྲངས་ཚད་འདི།

ང་ཚོའི་ཡིད་དབང་གསོ་བའི་སྙན་དབྱངས་ཤིག་དང་།

ང་རྒྱལ་ཞིག་གི་བགོ་སྐལ་ལགས།

སྒོས་སུ།

ནམ་མཁའི་མཐའ་དང་མཉམ་པའི་སྐལ་ལྡན་བུ་སློབ་ཁྲོད།

སྟག་སེང་མཇིང་བསྣོལ་ལྟ་བུའི་རིག་པའི་བུ་ལོ་ཟུང་།

ཁམས་གསུམ་ཟས་སུ་ཟ་བའི་བྱེད་པོར་བསྐྱངས།

ད་ལྟའི་བར་དུ།

ཚིག་རེ་དང་དོན་རེ་འདུས་པའི།

གསེར་ཞྭ་མེད་པའི་མཁན་པོ་བཞིན།

པཎ་ཊི་ཏ་ཡི་མཚན་བཟང་བཞེས།

ཁྱེད་ནི།

བསྐལ་བ་སྟོང་གི་ཟིན་ཐོའི་མཚོན་དོན་དང་

མི་ཚེ་འདི་ཡི་དྲན་ཤིང་གཅིག་པུ་ཡིན་ཨང་།

རྗེ་རིན་པོ་ཆེ།

ད་ཐེངས་ཀྱི་སྐྱེ་བ་འདི་ལ།

ཙོང་ཁ་ཞེས་པའི་ཡུལ་ཁམས་ཤིག་ཏུ།

དགའ་ཞིང་དགའ་ལ་སྤྲོ་ཞིང་སྤྲོ་བའི།

སྙིང་ཉེ་བའི་གཅེས་ཕྲུག་ཅིག་བལྟམས།

མཚན་ལ་དགེ་མིང་བརྒྱུད་པའི་བློ་བཟང་གྲགས་པར་གསོལ།


ཁྱུང་ཆེན་གྱི་གཤོག་པ་ལྟར་བབས་པའི།

བྲག་བྱ་ཁྱུང་ནས་གཉོམ་ལག་གི་མྱུ་གུ་འབུས་ཤིང་།

མི་ལོ་བཅུ་དྲུག་གི་འདབ་ལོ་རྒྱས།

སྐབས་དེར།

འཇམ་དུང་དུང་གི་ཞབས་ཟུང་ལ་བརྟེན་ནས།

དག་ཞིང་གི་གནས་མཆོག་ལྷ་སར་བསྙེགས།

དེ་ནས་བཟུང་།

མཁས་པ་ཅི་ཙམ་གྱི་ཞབས་ལ་གཏུགས་ཤིང་།

བརྩོན་པ་ཡིས་བྲག་རི་ག་ཚོད་བརྟོལ་ཡོད་ཨང་།

གློ་བུར་དུ་ཤར་ཕྱོགས་པ་རིག་པའི་དཔའ་བོ་དང་།

མཉམ་མེད་ཙོང་ཁ་བ་ཞེས་པའི་མཚན་སྙན་ཞིག

འཇིག་རྟེན་འདིའི་གྲ་གྲུ་ཀུན་ལ་ཁྱབ།


ཡིད་འོང་གི་མི་བུ།

བསྟོད་ཆེན་རྣམ་བཞི།

ཁྱེད་ཀྱི་ཐུགས་རྒྱུད་ཀྱི་ཟུངས་ཁྲག་མངར་མོ་ཡིན་ལ།

མཛད་ཆེན་རྣམ་བཞི།

ཁྱེད་ཀྱི་བྱས་འབྲས་ཀྱི་རྟགས་མ་ཉིད་དུ་འཁུམས་པས།

མཉམ་མེད་པ་བཅོ་ལྔ་བོ་ཡང་།

ཁྱེད་ཀྱིས་མིའི་རིགས་ལ་ཕུལ་བའི་རླབས་ཆེ་བའི་གཟི་བྱིན་ཡིན།

དམིགས་བརྩེ་མའི་གསོལ་བསྟོད་ཀྱི་སྙན་པ་དེ་དག

ཁྱེད་ཀྱི་ཧ་ལས་ཤིང་ཧང་སངས་པའི་རང་གཤིས་ཅི་ལ་མིན།

རྗེ་རིན་པོ་ཆེ།

ཚོར་ཨེ་བྱུང་།

བསྐལ་བ་ནས་བསྐལ་བའི་བར།

ཁྱེད་དང་ཁྱེད་ལྟ་བུའི་སྐྱེས་ཆེན་དུ་ཡོད།

སྐྱེ་བ་ནས་སྐྱེ་བའི་བར།

ཁྱེད་དང་ཁྱེད་འདྲ་བའི་གངས་ཅན་པ་སུ་ཞིག་ཡོད།

ཁྱེད་ནི་ད་གཟོད།

ངེས་པ་དོན་གྱི་ས་སྟེང་གི་ཤིང་རྟའི་སྲོལ་འབྱེད་གཅིག་པུ་དེའོ།།

སློབ་དཔོན་རིན་པོ་ཆེ།

ཉམས་སྣང་ཡག་པོ་ཞིག་ལ།

ངའི་ཡ་ཆུང་སྙིང་གི་དཀྱིལ་དབུས་ཀྱི་གཏིང་རུམ་ན།

མེ་ཏོག་པདྨ་གསར་དུ་ཁ་ཕྱེ་བ་ལྟ་བུའི།

གཟི་བྱིན་འབར་བའི་མིང་ཚིག་ཅིག་འཁྲུངས་ཡོད།

རལ་བ་ཕྲག་ཏུ་ཁུར་བའི་མིང་ཚིག་འདི།

དག་ཞིང་གི་ལྷ་ཡུལ་ལྟ་བུའི།

རྒྱ་མཚོའི་ཕ་རོལ་ཞིག་ནས་བདེ་བླག་གིས་ཚུར་རོལ་ཏུ་སླེབས་པར།

གཅེས་ཕྲུག་བཞིན་དུ།

ལྷང་ལྷང་ངག་གིས་ཁྱེད་ལ་ལན་གསུམ་བོས་ཆོག་གམ།

རླབས་ཆེ་བའི་སེམས་བསྐྱེད་དེའི་སླད་དུ།

བླ་མ་བླ་མ་རུ་བར་མ་ཆད་པར་བཀུར་ཞིང་།

འགྲོ་དོན་འགྲོ་དོན་དུ་ཁོལ་ཕྱུང་གིས་བསམ་བཞིན།

འདྲེ་སྲིན་གྱི་ཁྲག་ཞགས་འཁོར་བའི་ཁོང་སོ་གློད་པའི་ལྕེ་སྣེ་ནས།

ང་ཚོ་ཅིག་ཅར་དུ་ལྡོད་པར།

མ་སྐྱེས་ཨ་མ་འདྲ་བའི་དཀའ་ཁག་གི་སེམས་ངལ་གྱིས།

ཏག་ཏག་གི་རྗེ་འབངས་ཉེར་ལྔ་ལ།

ལྷ་ཧ་ལས་ཤིང་།

མི་ཡིད་ཆེས་པ།

འདྲེ་ཁོ་ཐག་ཆོད་པ་ལྟ་བུའི་ཕམ་ཁ་གཞི་ནས་བསྐྲུན་ལགས་པས།

སྐྱིད་སྡུག་གི་ལོ་ཟླ་ག་འདྲ་འདས་ཀྱང་།

ངས་སྔར་བཞིན།

ཐལ་མོ་སྦྱོར་བའི་ངལ་བ་དང་།

པུས་མོ་འཛུགས་པའི་བཟོ་ལྟ་དང་དུ་བླངས་ཏེ།

རྒད་པོ་མཁར་ཚུགས་དང་།

རྒན་མོ་མཛུབ་ཚུགས་དང་ཀུན་ནས་མཚུངས་པའི།

གསང་སྔགས་ལམ་རིམ་གྱི་གདམས་པ་གདམས་པའི་

དུས་དེ་ལ།

ཁྱེད་ནི་ད་གཟོད།

ངའི་སེམས་གཏིང་གི་རྫོགས་པའི་སངས་རྒྱས་དངོས་ཡིན་པ་དང་།

མཚན་བརྗོད་འགྲེལ་བ་ལྟ་བུའི།

རི་བོའི་གཏོས་དང་མཉམ་པའི་པོ་ཏི་འདི་དག་མཐོང་ཐེངས་རེར།

ཁྱེད་ནི་ད་གཟོད།

རྡོ་བརྐོས་རི་མོ་ཇི་བཞིན་རྔམ་བརྗིད་ཀྱིས་འགྲེངས་ཤིང་།

བསྐལ་བ་རྫོགས་མེད་ཀྱི་འོ་བརྒྱལ་ཁྲོད་ནས།

ནམ་མཁའི་སྤྲིན་པ་དཀར་བོ་དང་འདྲ་བར།

རང་གི་རྒྱབ་རྟེན་གྱི་གཉེན་ཉེ་རུ་རློམ་ཆོག་པས།

རང་ལའང་མི་ཡུལ་འདི་ན།

ཉི་མ་ལྟ་བུའི་ཁྱིམ་གཞི་དྲོན་མོ་ཞིག་དང་།

མཐོ་རིས་བསྙེག་པའི་ལམ་གྲོགས་བཀན་མོ་ཞིག་ཡོད་པ་ཐོལ་གྱིས་དྲན།


ཞིབ་ཏུ་བསམ་ཐེངས་རེ་རེར།

གཞོམ་གཞིག་རྟག་བརྟན་གྱི།

གོ་ལའི་རྩེ་མོར་འཚོ་བའི་སྟོབས་ལྡན་གྱི་མི་རིགས་དང་མཉམ་དུ།

སེམས་དང་སེམས་པ་ཡོངས་སུ་འདྲེས་ཤིང་།

དཔུང་བ་དང་དཔུང་བ་མཉམ་དུ་གཤིབ་ཐུབ་ན།

འཁོར་བ་གྲང་མོའི་ཁྲོད་ཀྱི།

ཆལ་ཆིལ་འབར་བའི་མེ་དཔུང་དྲོན་མོ་དེ།

རང་ཉིད་ཁོ་ནས་འཛམ་གླིང་ཞི་བདེར་ཕུལ་བའི།

འགྲན་བྲལ་དཔའ་རྒོད་ཀུན་གྱི་ཏོག་ལྟ་བུའི།

མར་མེ་ཚེ་འབར་ཡིན་པ་དང་།

ད་དུང་།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཚོའི།

བསམ་པ་ལྷུན་གྱིས་འགྲུབ་པར།

ཉིན་མཚན་གྱི་དབྱེ་བ་གང་ཡང་མེད་ཀྱང་།

དཔའ་བོའི་གད་རྒྱངས་སྒྲོག་པ་ལྟ་བུའི།

ལམ་སྟོན་ཁྲོད་ཀྱི་ལམ་སྟོན་ཚད་མ་དང་།

ཚེ་གཅིག་ལུས་གཅིག་གི་ལ་རྒྱ་ཅན་གྱི་བྱང་ཆུབ་སེམས་དཔའ་སྟེ།

རིགས་ཞེན་གྱི་སློབ་དཔོན་ཁྱེད་ཉིད་ཡིན་ཨང་།

དྲི་མེད་ཀུན་ལྡན།

མི་ལུས་ཤིག་བཞེས་ཉིན་ནས།

འཁོར་བ་ན་འཁོར་བའི་ཐ་སྙད་ཡོད་དོ་ཅོག

གཟི་བརྗིད་དང་ང་རྒྱལ་གྱིས་རྡོག་པས་མནན་ཏེ།

མི་ཡུལ་འདི།

འཇའ་ཚོན་ལྟ་བུའི་མཛེས་སྡུག་གིས་ཁེངས་པའི་རྩེད་ར་རུ་བཞེངས།

དུས་དེ་ནས་བཟུང་།

ཐར་དགོས་ན།

ཐོག་མར་རང་ལུས་ནས་ཐར་བ་དང་།

བསྐྱབ་དགོས་ན།

ཐོག་མར་མཐོ་བ་ནམ་མཁའ་ལྟ་བུ་དང་།

དམའ་བ་དོག་མོ་ས་ཡིན་ཀྱང་།

གཉའ་ཤིང་ལྟར་ལྕི་བའི་ཉམ་ཐག་པའི་འགྲོ་བ་རྣམས་ལགས་ན།

གཞན་དོན་གྱི་འགན་འཁྲི་འདི་ཉིད།

མིག་གིས་མཐོང་མ་ཐག་ཏུ།

ཁམས་གསུམ་པ་གང་ཞིག་མ་བཟི་བ་མེད་ལ།

ངོ་མཚར་བའི་མཛད་པ་འདི་དག

རྣ་བས་ཉན་མ་ཐག

དྲི་ཟ་བ་ཡང་འགྱུར་ཁུགས་མ་འབྱོངས་པ་མེད་པ་དང་།

ལྷ་ཀླུ་རྣམས་ཀྱང་ཞེ་འཁྲེང་བའི་སྨོན་པ་མི་འཆོར་བ་སུ་ཞིག་ཡོད།

རྒྱལ་སྲས་ལགས

སྐབས་འདི་རུ།

ཁྱེད་ཉིད་ཁོ་ནས།

ད་གཟོད་སྦྱིན་པའི་ཉམས་ལེན་འདི།

མ་གཞི་ནས་བྱང་སེམས་ཀྱི་སྦྱོར་བ་ཞིག་དང་བསྟིམས་པ་འདི་ཡང་།

མ་གཞི་ནས་ཐར་ལམ་ཞིག་ཡིན་ཞེས།

ལ་ཁའི་རྫི་བོ་ཞིག་ནས།

རྒྱལ་སྤྱི་ཕྱི་ནང་ཀུན་ཏུ།

དབྱར་གྱི་འབྲུག་སྒྲ་ལྟར།

ལྷང་ལྷང་གིས་གྲགས་ཤིང་ལྡིར་ལྡིར་དུ་སྒྲོག་དུས།

ཁྱེད་ཉིད་གང་དུ་བཞུགས་ན།

དེ་རུ་བདེ་སྐྱིད་དང་དགོད་སྒྲས་ཁེངས་ཤིང་།

ཁྱེད་རང་གང་དུ་བཞུད་ཀྱང་།

གཟུགས་དང་གྲིབ་མ་ཇི་བཞིན།

ང་ཚོར་མཁོ་བ་དེ་དག

རྗེས་སུ་འབྲངས་ནས་ཡོད་པས།

གཅིག་ཀྱང་བཙལ་མི་དགོས།

ཡིན་ན་ཡང་།

འབྲི་ཚུལ་འདི།

མི་བུ་ཁྱོད་འཇིག་རྟེན་ནས་འཕུར་བའི་ལ་རྒྱ་ཞིག

གླེང་ཚུལ་འདི།

སྐྱེས་ཆེན་ཞིག་མི་ཡུལ་ནས་བཞུད་སྔ་བའི་ན་ཟུག་ཅིག

དྲན་ཚུལ་འདི།

ས་སྟེང་འདིར་བཞག་པའི་བླ་མེད་ཀྱི་རེ་སྨོན་ཞིག་ཅི་ལ་མིན།


རྩོམ་པ་པོ་ངོ་སྤྲོད།

微信图片_20200514115245.jpg

འཇམ་དཔལ། 1968ལོར་མདོ་སྨད་གསེར་ལྗོངས་སྣང་རའི་གྲམ་པ་ནང་གི་ཞིང་ཁྱིམ་དཀྱུས་མ་ཞིག་ཏུ་ལྟེ་ཁྲག་འཕོས་ཤིང་གཉོམ་ལག་རྒྱས།རང་ལོ་བདུན་གྱི་སྟེང་།(སྣང་ར་སློབ་ཆུང)ནས་འགོ་བརྩམས་ཏེ་དམའ་དམའ་འབྲིང་(རྫོང་མི་རིགས་སློབ་འབྲིང)དང་། མཐོ་མཐོ་འབྲིང་(རྫོང་མི་རིགས་སློབ་འབྲིང)། ཆེ་སློབ་ཆེན་(མཚོ་སྔོན་མི་རིགས་སློབ་ཆེན)རིམ་གྱིས་འགྲིམས། 1987ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭར་ཞུགས།1992ལོར་སློབ་མཐར་ཕྱིན་རྗེས། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་བོད་སྐད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་ཤིང་། སློབ་ཁྲིད་ཀྱི་ཞོར་དུ་སྔ་རྗེས་སུ་《སྦྲང་ཆར་》དང《བོད་ཀྱི་སློབ་གསོ》། 《མང་ཚོགས་སྒྱུ་རྩལ》། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》། 《བོད་ལྗོངས་སློབ་གསོ》། 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》། 《གངས་རྒྱན་མེ་ཏོག》།《 མཚོ་སྔོན་བོད་ཡིག་གསར་འགྱུར》། 《གངས་རྒྱན་ན་ཆུང་ཚགས་པར》། 《ཁྲིམས་ལུགས་ཚགས་པར》སོགས་ཀྱི་སྟེང་དུ་དཔྱད་རྩོམ་དང་། སྒྲུང་གཏམ། ལྷུག་རྩོམ། སྙན་ངགདཔྱད་བརྗོད། གཏམ་རྒྱུད། སྒྱུར་རྩོམ། གླུ་ཚིག་བཅས་དྲུག་ཅུ་ལྷག་སྤེལ། གཞན་དགེ་གྲོགས་དང་མཉམ་དུ་རྨ་ལྷོའི་ས་མིང་རིག་གནས་བརྡ་འགྲེལ་དང་། མདོ་སྨད་སྣང་རའི་ལོ་རྒྱུས་ཀུན་གསལ་མེ་ལོང་། གཅན་ཚ་མི་རིགས་སློབ་འབྲིང་གི་ལོ་རྒྱུས།གཡང་རྫོང་རིག་པའི་གཟི་དཔལ་བཅས་དཔེ་དེབ་བཞི་པར་བསྐྲུན་མཛད། དཔེ་ཁྲིད་མི་སྐྱོང་གི་བྲེལ་ཟིང་ཁྲོད་ནས་སློབ་ཁྲིད་ཀྱི་རྣམ་གཞག་ལས་《སློབ་ཁྲིད་ཀྱི་རྒྱབ་ཡིག》ཅེས་པ་དང་། དཔྱད་རྩོམ་ཕྱོགས་བསྒྲིགས་《ཕྲན་དཔྱད་རིགས་པའི་མེ་ལྕེ》། ལྷུག་རྩོམ་ཕྱོགས་བསྒྲིགས་《ཕྱིར་དྲན་ཁྲོད་ཀྱི་ན་ཟུག》 སྙན་ངག་ཕྱོགས་བསྒྲིགས་《རྟོག་འགྱུ་སེམས་ཀྱི་མཆོད་པ》རྣམས་སྤེལ་འཆར་ཡོད། གཞན་《མཐོ་འབྲིང་གི་བརྗེད་བྱང》་ཞེས་པའི་འོད་སྡེར་བརྩམས་ཆོས་ཤིག་ཀྱང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།