ཆུང་འབྲིང་སློབ་མའི་སྐབས་ཀྱི་འཚོ་བ།

༡༡.jpg

༡ སྟོང་གསུམ་ནམ་མཁའི་ཁྱོན་ལས་མཐའ་རིང་བའི།།

དྲིན་ཅན་ཕ་མའི་བྱམས་བརྩེའི་འོད་རྣོན་གྱིས།།

སྲིད་ཞིའི་དགེ་ལེཊ་གངས་དཀར་བཞུས་པའི་རྒྱུན།།

ཡངས་པའི་རྒྱ་མཚོར་འབབ་དེས་ཁྱེད་ལ་སྲུངས།།


༢ ནག་ནོག་དྲི་མས་མ་གོས་ཁ་བའི་རྡུལ།།

ལྷན་སྐྱེས་གཤིས་སུ་གྲུབ་པ་གངས་རིའི་བུ།།

འབུམ་ཕྲག་ཚར་དུ་དངར་བའི་རུ་དཔུང་གིས།།

བདག་གི་བདེན་པའི་དོན་ལ་ཡུད་ཙམ་གསོན།།


༣ བཅོས་མའི་ཡལ་ག་བསྒྲིཊ་པ་སྐྱ་ཀའི་ཚལ།།

གཏིང་རིང་ཐལ་བའི་དོང་དུ་སྤྱུགས་བྱས་ནས།།

ཟིལ་དངར་དོག་པ་མཆེད་པ་པདྨའི་ཕྲེང་།།

ཕྱོགས་ཀྱི་བུ་མོ་མཛེས་པའི་རྒྱན་དུ་སྤྲོ།།


༤ འདི་ན་ཅོལ་ཆུང་རང་གི་གཤིས།།

སྒྲོ་སྐུར་ལོ་མ་སྤངས་ནས་ནི།།

དྲན་རིག་མེ་ལོང་ལ་བཀོད་པ།།

ཡི་གེའི་གཟུཊ་སུ་འགོད་པར་བྱ།།


༥བདག་གི་ཆུང་འབྲིང་སློབ་མའི་འཚོ་བ་དེ་དྲན་ན།།

ཡ་ཆུང་སྙིང་གི་འཕར་རྩ་ཇེ་དྲག་ཏུ་ཕྱིན་འགྲོ།

དེ་ཡང་དེང་གི་དཀའ་རྙོག་འཚོ་བ་ཡི་གནོན་ཤུགས།།

མ་བཟོད་མངར་སྐྱུར་འདྲེས་མའི་རོལ་མྱོོང་དེས་ལན་འདུག།


༦དེ་དུས་རྐང་ལ་གྱོན་པའི་ལྷམ་ཆུང་ཡང་མེད་ལ།།

འཁོར་གསུམ་གསང་བ་སྒྲིབ་པའི་དོར་མ་ཡང་རལ་འདུག།

དགུན་གསུམ་བཙག་བསེར་འགོག་པའི་མཐུག་ལྭ་ཡང་མེད་མོད།།

དགའ་སྐྱིད་སློབ་གྲྭར་འགྲིམ་པའི་སྐལ་བཟང་དེ་དྲན་བྱུང་།།


༧ལྷབ་ལྷུབ་རླུང་གིས་སྐྱོད་པའི་ཁེར་རྐྱང་གི་ལྭ་བ།།

དབྱར་དགུན་སྟོན་དཔྱིད་མེད་པར་གྱོན་དགོས་ཤིག་བྱུང་ཡང་།།

ལོ་རབས་བདུན་ཅུ་བརྒྱད་ཅུའི་ནམ་ཟླ་དེའི་ཁྲོད་ན།།

སྤྲོ་སྐྱིད་དགའ་སྟོན་དེ་འདྲ་ལྷ་ཡུལ་ནའང་ཆེ་ཡོད།།


༨ཨེ་མ་བདག་གི་དམར་ཆུང་སེམས་ངོ་ན་ཉར་བའི།།

ཆུང་འབྲིང་སློབ་མའི་དུས་ཀྱི་ན་ཟླ་ཡི་བརྩེ་སེམས།།

དྭངས་གཙང་དྲི་མ་མེད་པའི་དུངས་པ་དེ་བསམ་ན།།

སྣང་བ་སྐྱིད་ཀྱི་འཚོ་བ་དེ་ལྷག་ཅིག་ཆེ་ཡོད།།


༩རྒྱུན་གྱི་ཁྲིད་དེབ་དག་དང་ལྷན་ཅིག་ཏུ་ཉར་བའི།།

ཨ་མས་བརྫིས་པའི་སྦྲང་དཀར་རྩམ་ལོག་དེ་འཁུར་ནས།།

ལ་ཀླུང་རྐང་ལམ་བརྒལ་བའི་དཀའ་སྤྱད་དེ་བསམ་ན།།

ཉམ་ཆུང་བུ་ལོ་རང་གི་སྐལ་བའང་བཟང་སྙམ།།


༡༠དེ་ཡང་དང་བོར་ཕ་ཁྱིམ་སྒོ་རྩ་ན་རྩེས་དུས།།

ཀརྨ་སྐྱབས་ཞེས་སྤྱང་འཛོམས་བུ་ཆུང་དེས་འཁུར་ཏེ།།

ད་ནི་མ་སྡོད་སློབ་གྲྭར་འགྲོ་དགོས་ཞེས་བཤད་ནས།།

སྤྱི་ཁང་སློབ་གྲྭར་ཞུགས་པའི་དགའ་བ་དེ་སུས་འགོག།


༡༡དེ་དུས་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་རེད་འདུག།

དགེན་གྱིས་དབྱངས་གསལ་ཐེངས་མ་རེས་འགའ་ལ་ཀློག་དུས།།

ཐམས་ཅད་ཡུད་ཀྱིས་ཤེས་པའིརིག་སྟོབས་དེ་སྐྱེན་པས།།

ཚང་མ་ཧད་དེ་བདག་ལ་ཡིད་སྨོན་ཞིག་ཤོར་སོང་།།


༡༢སློབ་ཆུང་ལོ་རིམ་དང་བོའི་འཛིན་གྲྭ་ལ་ཞུགས་དུས།།

སྔར་མེད་དཔེ་དེབ་གསར་བའི་བགོ་སྐལ་དེ་ཐོབ་པས།།

ཡ་ཆུང་གངས་དཀར་སེམས་ལ་བརྗོད་མེད་ཀྱི་དགའ་བ།།

སྐྱེས་པའི་ཚུལ་དེ་ད་དུང་ཡིད་ངོ་ན་གསལ་འདུག།


༡༣ འོན་ཀྱང་ལོ་དྲུག་བྱིས་པས་དཔེ་དེབ་ཀྱི་ཚགས་འཛིན།།

ཅི་ལྟར་བྱེད་དགོས་མ་ཤེས་ལག་ཟུང་གི་བར་ནས།།

ཕར་ཚུར་སློག་གྲངས་མང་བས་ཕྱི་ཤུན་རྣམས་རལ་བས།།

སེམས་པ་དྲོན་མོར་སྡུག་གི་ཆུ་འཁྱགས་ཤིག་བསྣན་བྱུང་།།


༡༤དེ་དུས་དགེན་གྱིས་བྱམས་བརྩེའི་བཀའ་གསུང་དང་བཅས་ཏེ།།

དེབ་གཅིག་་ཡང་བསྐྱར་གནངས་པར་རྒྱབ་ཤུན་གྱིས་བཏུམས་ནས།།

གང་ལེགས་གཅེས་སྤྲས་བྱས་པས་སློབ་མཇུག་གི་སྐབས་སུ།།

ནག་ནོག་དྲི་མས་མ་གོས་དཔེ་དེབ་དེ་གསར་ཨང་།།


༡༥གཞན་དག་སློབ་གྲྭར་སོང་ནས་ཉིན་ཤས་རིང་འགོར་ཡང་།།

ད་དུང་སྡེ་བ་དང་བོའི་ཀློག་འདོན་ཡང་མི་ཤེས།།

ཕྲན་གྱིས་སྐར་ཆ་བཅོ་ལྔའི་དུས་ཆ་ཡི་ནང་ལ།།

དབྱངས་གསལ་ཡོངས་རྫོགས་བཏོན་པས་དགེ་སློབ་ཀུན་ཧ་ལས།།


༡༦ དེ་ལྟར་རྣམ་རིག་རྒོད་པའི་ངང་ཚུལ་དེ་མཐོང་ནས།།

ཡུལ་མི་སློབ་གྲོཊ་ཚང་མས་གདེང་འཇོག་ནི་ཐོབ་ཅིང་།།

གྱོལ་མ་ལྡིང་གིས་འགྲོ་བའི་རྣམ་པ་དེ་མཐོང་དུས།།

དྲིན་ཅན་ཕ་མའི་སེམས་ལ་ན་ཟུག་ཅིག་བྱིན་ཟེར།།


༡༧ཡིན་ཡང་རྣམ་རིག་རྒོད་པའི་བུ་ཆུང་གི་གཤིས་ཀ།

ཅུང་ཙམ་རྩུབ་ཀྱང་སློབ་དཔོན་་བཀའ་གསུང་ལ་ཉན་ཅིང་།།

སྦྱངས་འབྲས་བཟང་ཞིང་ཡ་རབས་ཚུལ་ལྡན་ཞིག་ཡིན་པས།།

དགེན་གྱི་དཔྲལ་བའི་མིག་དང་ཡ་ཆུང་གི་སེམས་ཡིན།།


༡༨ གལ་ཏེ་ཚུལ་འདིར་ཐུགས་ཡིད་མི་ཆེས་པ་ཡོད་ན།།

བདག་གི་སློབ་དཔོན་ཞལ་རས་བཅོ་ལྔ་ཡི་ཟླ་བ།།

དེང་ཡང་མཁའ་དབྱིངས་དྲི་མ་མེད་པ་ན་འཚོ་བཞིན།།

སྐྱེས་དགུའི་མགོན་དུ་བཞུགས་དེར་དྲི་བ་ཞིག་ཞུ་རོགས།།


༡༩ དགེན་གྱི་ཐུགས་ཁུར་ཟབ་མོའི་བཀའ་དྲིན་ལ་བརྟེན་ནས།།

ཟླ་ཕྱེད་ཙམ་ནས་ཀ་ངོ་ཡིག་ངོ་ཀུན་ཆོད་པས།།

ན་མཉམ་གྲོགས་པོའི་ཚོགས་ལ་ཕྲལ་སྦྱོར་ཀུན་སློབ་པའི།།

འགན་འཁྲི་དེ་ཡང་བདག་གི་བགོ་སྐལ་དུ་ཐོབ་སོང་།།


༢༠ ཆུང་དུས་གཅེས་ཕྲུག་དག་གི་འཛུམ་དཀར་གྱི་ཁྲོད་ནས།།

དབྱངས་གསལ་གདངས་སུ་འགུགས་པའི་སྙན་འཇེབས་དེ་བསམ་ན།།

དྲི་ཟའི་འགྱུར་ཁུགས་རྫོགས་པ་མཚར་མཚར་དུ་བྱེད་ཀྱང་།།

རང་གིས་བསམ་ན་ཀ་ཁའི་ཀློག་འདོན་དེ་སྙན་པ།།


༢༡ དེ་ནས་རང་ལོ་བཅུ་གཅིག་ན་ཚོད་ལ་ཐོན་དུས།།

སློབ་ཆུང་མཐར་ཕྱིན་དམའ་གཅིག་འཛིན་གྲྭ་ལ་ཞུགས་ཤིང་།།

རང་ལས་རྒན་པའི་གྲོཊ་དྲུག་འགོ་འདྲེན་དུ་གྱུར་པས།།

ཞོ་ཕིན་གཉིས་པ་ཞེས་པའི་མཚན་སྙན་ཡང་ཐོཊ་སོང་།།


༢༢ དེ་དུས་རི་ལམ་ཕྲ་མོའི་རྐང་ལམ་དེ་བརྒྱུད་ནས།།

མར་ཁའི་རྒྱང་རིང་གྲོང་གི་སློབ་གྲྭ་ལ་སྐྱོད་ཚེ།།

རང་ལས་རྒན་པ་དེ་ཚོར་ཉིན་རྒྱུན་གྱི་བཀོད་འདོམས།།

གཟུགས་ཆུང་སྤྱང་གྲུང་འཛོམས་པ་ང་རང་གིས་བྱེད་དགོས།།


༢༣ དེ་ལྟར་ལོ་ཤས་སོང་བའི་ནམ་ཟླ་ཡི་ཁྲོད་ནས།།

ཁ་ཅིག་ཁྱིམ་གསར་འཛིན་པའི་སྦྱོར་བ་ལ་ཞུགས་སོང་།།

ལ་ཤས་ལེ་ལོར་གཡེངས་པའི་འདུ་འཛི་ཡི་ཤུལ་དུ།།

ང་དང་ཡིད་མཐུན་གྲོགས་ཀྱིས་སློབ་གྲྭ་ཡི་རྒྱུན་བསྐྱངས།།


༢༤ ཉིན་གཅིག་ཁྱིམ་ལ་མཛོ་མོ་རྒྱ་ཐོ་ཞིག་ཡོད་པ།།

སྲོག་གཅོད་བཤན་པར་སྤྲོད་ཆེད་རི་ངོས་ནས་འདེད་དུས།།

ཡང་ཡང་རི་མགོར་འབྲོས་པའི་རྗེས་གཅོད་ཀྱི་བར་ནས།།

ཕྲན་ཆུང་འགྲེ་ལོག་ཐེབས་པ་ཐེངས་གཅིག་ནི་མ་ཡིན།།


༢༥ དེ་ལྟར་བཙན་གྱིས་གཡང་གི་མཛོ་མོ་དེ་འདེད་དུས།།

དུད་འགྲོ་ཡིན་ཡང་ཁྲ་ཆུང་མིག་ཟུང་གི་མཐའ་ནས།།

མཆི་མ་ཁྲུམ་ཁྲུམ་འབབ་པའི་ངང་ཚུལ་དེ་མཐོང་བས།།

རང་གི་ཡིད་ལ་བཟོད་དཀའི་ཚོར་བ་ཞིག་སྐྱེས་བྱུང་།།


༢༦ དེ་ནས་ཆར་ཞོད་ཆེ་བའི་ཉིན་ཞིག་གི་སྔ་དྲོར།།

མཛའ་གྲོགས་དང་བྲལ་རང་ཉིད་སློབ་གྲྭ་ལ་སྐྱོད་སྐབས།།

གཙང་ཆབ་བྲུག་པར་བརྒལ་བའི་གོམ་འགྲོས་དེ་འཁྱོར་ནས།།

མཆན་གྱི་རྐང་སྣམ་སྔོན་པོ་གཙང་ཆུ་ཡིས་འཁྱེར་སོང་།།


༢༧རང་སེམས་འཚབ་པས་མྱུར་མགྱོགས་གཙང་འགྲམ་དུ་རྒྱུཊ་པས།།

ཆུ་གཉིས་འདྲེས་མདོའི་མཚམས་ནས་རྐང་དོར་དེ་ལོན་ཀྱང་།།

རློན་པ་ཆུ་ཡིས་ཟིན་པས་གྱོན་རུང་ནི་མིན་ཡང་།།

བཙན་གྱིས་གོན་ཏེ་སློབ་གྲྭའི་མདུན་ཕྱོགས་ལ་ཆས་སོ།།


༢༨ སྐབས་དེར་སློབ་གྲྭའི་ལམ་ཁའི་རྐ་ཆུ་ཡི་འགྲམ་དུ།།

རྨ་ཆུའི་གླུ་དབྱངས་གྱེར་བའི་འཛིན་གཅིག་གི་སློབ་གྲོགས།།

བཀྲ་ཤིས་འཚོ་མོས་ངེད་ལ་རེ་སྒུག་དང་འདྲ་བར།།

ཕངས་མེད་རང་ལྭའི་ཐོག་མ་ང་རང་ལ་སྤྲད་བྱུང་།།


༢༩ ངས་ཀྱང་ཡིན་མདོག་ཁ་བོས་མྱུར་སྟབས་ཀྱིས་གོན་ནས།།

རིངས་པ་རིངས་པར་ངེད་གཉིས་སློབ་ཁང་དུ་ཐོན་དུས།།

དགེན་ལགས་ཐུགས་རྒྱུད་འཁྲུགས་པའི་རྣམ་པ་དང་བཅས་ཏེ།།

ཅི་ཡིན་གང་ཡིན་གནས་ཚུལ་མུ་མཐུད་དུ་དྲིས་བྱུང་།།


༣༠ དེ་དུས་བཀྲ་ཤིས་འཚོ་མོ་གྲལ་དབུས་སུ་ལངས་ཏེ།།

ངེད་ཀྱི་ཉིན་དེའི་གནས་ཚུལ་ཇི་བཞིན་དུ་ཞུས་པས།།

དགེན་ཡང་ཧ་ལས་ཧོན་འཐོར་རྣམ་པ་ཡི་ངང་ནས།།

བདག་ལ་ཕངས་སེམས་སྐྱེས་པའི་སྐུ་ཉམས་ཤིག་བསྟན་བྱུང་།།


༣༡ དེ་ལྟར་ཉིན་དེའི་ཛ་དྲག་ཆག་སྒོ་ཡི་ངང་ཚུལ།།

སྤྲིན་ནག་ལང་ལོང་འཁྲིགས་པའི་ཨ་སྔོན་དེ་མ་གཏོགས།།

སུ་དང་གང་གིས་མི་ཤེས་ཉིན་མོ་དེའི་ཚུལ་རྣམས།།

ད་ལྟ་ཡང་ཡང་བསམ་ན་རང་ཉིད་ཀྱང་འཇིགས་ཡེར།།


༣༢ དེ་ལྟར་དགའ་སྐྱིད་འདྲེས་མའི་འཚོ་བ་ཡི་ཁྲོད་དུ།།

སེམས་པ་དྭངས་གཙང་ཤེལ་གྱི་མེ་ལོང་གི་གཞི་ལ།།

འཁོར་བའི་དྲི་མས་མ་གོས་འབྱུང་འགྱུར་གྱི་རེ་བ།།

དགེ་འོས་སློབ་གྲྭར་བསྐྱོད་པའི་འདུན་པ་ལས་མི་འདུག།


༣༣ རང་ལས་ལོ་གཉིས་ལྷག་པའི་གྲོགས་པོ་ཡི་ལས་སྐལ།།

ང་ཚོའི་སློབ་གྲྭར་བགོས་པའི་སྣང་ཚུལ་དེས་རྐྱེན་བྱས།།

ཕྲན་ཡང་འདི་ལྟར་བྱ་བའི་ལས་སྣེ་ལ་ཞུགས་ན།།

ཇི་འདྲའི་སྐྱིད་དམ་སྙམ་པའི་རེ་བ་ནི་འགོག་དཀའ།།


༣༤རེ་བའི་རི་མོ་རྨ་ཆུའི་ཀློང་འཁོར་དང་འདྲ་ལ།།

མདུན་སྐྱོད་འདེགས་འཇོག་གོམ་འགྲོས་སྐྱི་བསེར་གྱི་རླུང་བུ།།

ནམ་ཡང་མཚམས་འཇོག་མེད་པ་གཙང་ཆབ་ཀྱི་རྒྱུན་བཟང་།།

ཤར་ཕྱོཊ་རྒྱ་མཚོར་རྒྱུཊ་པའི་ངང་ཚུལ་ལས་མི་འདུག།


༣༥གཅིག་ལས་གཅིག་ལྷག་མདུན་སྐྱོད་ཤུཊ་ལྡན་གྱི་རྟ་ཕོ།།

ལྔ་རིག་སློབ་རའི་སྤང་ཐང་ཡངས་པོ་ན་སྐྱོད་པའི།།

འཆོལ་མེད་གོམ་འགྲོས་མཉམ་པའི་གདངས་སྙན་དེ་བསམ་ན།།

གངས་རིའི་བུ་ཕྲུག་ང་ཡི་ལམ་ཁ་ཡང་ནོར་མེད།།


༣༦ མ་གལ་ལྕང་སྡོང་ལོ་མའི་བསིལ་གྲིབ་ཀྱི་འོག་ཏུ།།

ཁྲ་ཆིལ་གློག་སྒྲོན་འོད་ཀྱི་མཛེས་པ་དང་བསྡོངས་ནས།།

ན་མཉམ་སློབ་གྲོགས་ཚང་མས་དགེ་རྒན་གྱི་བཀའ་བཞིན།།

སྣ་ཚོགས་དཔེ་མང་སྐྱོར་བའི་མཚན་ལྗོངས་དེ་སྐྱིད་ཨང་།།


༣༧ འགྲན་སེམས་ཕྲག་དོག་སྦྱོར་བའི་དྲི་ཙམ་ཡང་མེད་ལ།།

རང་རྒྱལ་གཞན་ཕམ་གཉེར་བའི་ལྐོག་ཇུས་ཀྱང་མི་མངའ།།

གཞུང་གཅེས་གཞན་ཕན་ལས་ལ་རྩོན་པ་ཡི་དུས་དེ།།

ང་རང་ཆུང་འབྲིང་འགྲིམ་པའི་དུས་སྐབས་དེ་ཡིན་ནོ།།


༣༨ འདི་ལྟར་བདག་གི་དངོས་བྱུང་འཚོ་བ་ཡི་རི་མོ།།

དྭངས་གསལ་ཀུ་ཤུ་བདུན་པའི་མེ་ལོང་གི་གཞི་ལ།།

སླར་ཡང་བཀོད་འདི་དོན་དངོས་འཚོ་བ་དེར་མ་ཟད།།

ཡལ་མེད་བདག་གི་དྲན་པའི་མིག་ཆུའང་ཡིན་ནོ།།


༣༩ བསླད་མེད་རང་སེམས་དྲན་པའི་མེ་ལོང་ལ།།

གཏིང་ཟབ་དཔར་དུ་བཏབ་པའི་བྱུང་བ་དག།

གང་ཤར་སྣ་ཚོགས་དབང་བོའི་གཞུ་རིས་ལྟར།།

བཀོད་པ་འདི་ཀོ་དངོས་བྱུང་རང་གི་གཏམ།།


༤༠ དོན་དངོས་རང་རྒྱུས་ཡི་གེའི་རི་མོ་ལ།།

འགོད་པའི་བྱ་བཏང་བ་ནི་དགེ་ཆོས་ཞེེས།།

གྲགས་པའི་མཚན་མ་ཅུང་ཙམ་གཡོ་བ་དེས།།

མདོ་སྨད་བཀྲ་ཤིས་འཁྱིལ་ནས་བྲིས་པའོ།།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།