ཀྲུང་གོ་བོད་ཀྱི་དྲ་བ།

ཞེ་སྨྲེང་བའི་གླུ །

ཡོང་ཁུངས། : ཁམས་པའི་ཚགས་པར།   རྩོམ་པ་པོ། : (མགོ་ལོག)རི་སྤྱང་།   སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོན་ཀ་སླེབས་སོང་སྡོང་ལོ་འཐོར་སོང་ང་དང་ཁྲུང་ཁྲུང་སྐེ་རིང་གཉིས། །

མི་འདོད་བཞིན་དུ་ས་ཐག་རིང་པོ་འགྱོད་གདུང་དང་བཅས་བརྒལ་དགོས་བྱུང་། །

གྲོང་སྡེའི་ནང་གི་འདང་ཆེན་བྱམས་པས་ཉི་ནུབ་ཁྲོད་ནས་ཕྱིར་བལྟ་བྱས། །

ཁོ་བོའི་སེམས་པ་ཤུལ་ཏུ་ལྷག་སྟེ་ཡང་བསྐྱར་འཛོམ་པར་སྨོན་ལམ་བཏབས། །

མདུན་རྒྱབ་དག་ཏུ་རྟ་ཁྱུ་ཞོགས་པའི་རྨིག་སྒྲ་རེ་རེས་རི་ལུང་བཀང་། །

མཚོ་དང་མཚེའུ་དར་ཁ་ཆག་ནས་ས་གཞི་ཧྲིལ་བོ་འཁྱག་གིས་བསྡམས། །

ཁ་བ་ལྷབ་ལྷུབ་ཕྲག་ཏུ་བཟེད་ནས་རི་དང་ལུང་པ་གཏུབས་དགོས་བྱུང་། །

ཟློག་མེད་ལས་ཀྱི་རླུང་གིས་བདས་ཏེ་མི་འདོད་བཞིན་དུ་འགྲིམ་དགོས་ཐུག །

སྐྱོ་བས་མནར་བའི་སྐྱེ་བོ་ང་ལ་ལྷག་པའི་ལྷ་ཡིས་མགོན་སྐྱབ་མཛོད། །


གློག་འོད་འཚུབས་པའི་གྲོང་ཁྱེར་དེ་ཡི་ཕྱི་དང་ནང་གི་བར་གསེང་དུ། །

སྒོར་མོའི་ཆེད་དུ་ཡོད་ཚད་རྒྱུགས་པའི་དུས་སྐབས་འདི་འདྲ་མཐོང་བའི་ཚེ། །

ཉི་འོད་གསེང་ནས་ཆུ་ཐིགས་བཞུར་ཏེ་བདག་གི་ལམ་བུ་ཆར་ཆུས་བསྒྲིབས། །

སེང་རས་ནག་པོའི་ཡོལ་བ་ཕྱེས་དང་སྒྱུ་མའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །

ཀི་སྒྲ་དྲག་པོས་གནམ་ས་གཡོ་ཞིང་རླུང་དམར་འུར་འུར་ཕྱོགས་བཞིར་འཕྱོ། །

མིག་ལྕིབས་འོག་གི་འཇིག་རྟེན་འདི་ཡི་ཕྱི་ནང་གསང་གསུམ་ཁྲ་ཁྲ་ཞིག །

ཟུག་གཟེར་དབང་གིས་རྟ་རྒྱུག་འཐེན་པའི་མྱ་ངན་ཐང་གི་འབུ་སྦྲང་ཚོས། །

བུམ་པའི་ནང་དུ་ཕོ་བྲང་བཞེངས་ནས་འདོད་ཡོན་སྣ་ལྔའི་དཔལ་ལ་སྤྱོད། །

འཁོར་བ་འདི་ནི་རྩེད་ར་ཞིག་རེད་མ་རེད་གློག་གི་ཟློས་གར་རེད། །


ཟླ་འོད་འོག་ཏུ་སྐྱོ་གཞས་འཐེན་པའི་ཁེར་ཧྲེང་འགྲིམ་པའི་མྱི་ཕོ་ངས། །

རོལ་དབྱངས་ནད་པའི་དབྱངས་རྟ་རེ་ལ་ཉིན་མཚན་གཉིས་ཀར་བསམ་གཞིགས་བྱས། །

འཆར་ཡན་ནག་པོའི་མགོ་འཁོར་ཐེབས་པའི་འཁོས་ཀ་ཞན་པའི་རི་དྭགས་ངས། །

རྟོག་ཚོགས་བརྒྱད་ཁྲི་རུམ་ལ་བཅུག་སྟེ་དབྱངས་གསལ་སུམ་ཅུའི་རྫི་བོ་བྱས། །

སྐྱིད་ལ་སྡུག་པའི་མི་ཚེ་འདི་ཡི་དགའ་སྐྱོ་འདྲེས་མའི་སྐྱོ་གར་རེ། །

བར་སྣང་ཁམས་ནས་ཆུ་ཐིགས་བསག་སྟེ་རིམ་བཞིན་རྒྱ་མཚོ་ཆེན་པོར་གྱུར། །

ཇི་སྲིད་སྲོག་གི་དབང་པོ་མ་འགག་དེ་སྲིད་ཚོར་འདུའི་རི་མོ་དག ། 

ཤོག་ལྷེའི་ངོས་སུ་ཨ་ཐང་ཆད་ཀྱང་རང་གི་དགའ་ཕྱོགས་ལྟར་དུ་འགྲོ །

ལེ་མདའ་མ་བྱེད་སྒག་ཟ་བསྒག་པའི་ཐབས་ཤེས་ཡེ་ནས་མི་འདུག་གོ །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།