འཚོ་མཛད་སྨན་པར་བསྟོད་པའི་བསྔགས་བརྗོད་མེ་ཏོག་ཕྲེང་བ།

    ཀ་ཤིའི་རས་ཀྱི་མདངས་འཛིན་ལྷག་བསམ་གངས་ལས་དཀར་བའི་སྨན་པའི་ཚོགས། །

    ཁ་ནག་ནད་དུག་གང་སར་མཆེད་པའི་འཐབ་ར་དྲག་པོའི་གྲུ་ཟུར་ན། །

    གང་སར་བྲལ་མེད་ཉིད་ཀྱི་གཟུགས་བརྙན་ནད་ཅན་ཀུན་གྱི་མགོན་དུ་འཁྲུངས། །

    ང་དང་ཁྱོད་ཀུན་འཇིགས་པའི་དུས་སུ་མི་འཇིགས་སེང་གེའི་ང་རོ་སྒྲོག །

    ཅ་ཅོའི་གཏམ་དང་སོས་དལ་བག་ཕེབས་ཕྱོགས་ཀྱི་རླུང་བུར་རིང་དུ་བསྐུར། །

    ཆ་ཤས་སྐར་ཆ་ཙམ་ཡང་མི་དལ་ངལ་གསོ་བྱེད་པའི་གོ་སྐབས་དབེན། །

    ཇ་ཆང་ལོངས་སྤྱོད་ལྟ་ཅི་བཀྲེས་སྐོམ་ཡོངས་བཟོད་གཞན་གྱི་ཚེ་སྲོག་བསྲིངས། །

    ཉྭ་རིལ་སྦྲིད་ཀྱང་ཉལ་ཁོམ་མེད་དེ་རྐུབ་སྟེགས་མཁྲེགས་པོར་གཉིད་ཞྭ་ཕུད། །

    ཏ་ལེར་ནད་བཅོས་སྲོག་སྐྱོབ་འགན་འཁྲི་ཕྲག་ཏུ་འཁུར་ནས་ཕྱིར་བཤོལ་སྤངས། །

    ཐ་མལ་ནད་ཀྱིས་རང་སྲོག་བཀུམ་པའི་ཉེན་ཁ་ཆེ་ཡང་གདོང་མཆོངས་ཀྱིས། །

    ད་དུང་ནད་ཀྱི་རྩ་བ་འབྱིན་པའི་ཐབས་དང་ཤེས་རབ་ལྷུག་པོར་གླེང་། །

    ན་སོ་དར་བའི་ལང་ཚོ་དག་ཀྱང་ཉིན་ཤས་རིང་ལ་རྒས་ཉམས་མངོན། །

    པ་ཕ་ཨ་མ་ཁྱིམ་དུ་བསྐྱུར་ལ་རང་ཕྲུག་རྒྱུས་མེད་མི་ལ་བཅོལ། །

    ཕ་རོལ་ཆ་མེད་ནད་ཅན་སྐྱོབ་ཕྱིར་བརྩོན་པའི་དཀའ་བ་དང་དུ་བླངས། །

    བ་སྤུར་གཡོ་འགུལ་ཐེབས་པའི་བྱམས་ཀྱིས་ནད་ཅན་སྐྱོང་བའི་ལས་ལ་འབད། །

    མ་རུངས་ནད་ཡམས་འགོག་པའི་འཛིང་རཊ་སྲོག་དང་བསྡོས་ནས་བརྟན་པོར་བསྲུངས། །

    རྩ་བའི་རིམས་ནད་འགོག་བཅོས་ཁྲོད་དུ་དཀའ་ཚེགས་རྔུལ་ཆུའི་ཐིགས་པ་ལྷུང་། །

    ཚ་འདེད་ཕྱིར་ལེན་སྲོག་གི་བགོ་སྐལ་གཤིན་རྗེའི་ཁ་ནས་བཙན་གྱིས་འཕྲོག །

    ཛ་དྲག་རྫས་མེ་མངོན་རྒྱུ་མེད་པའི་གདུག་རྩུབ་འཐབ་འཁྲུག་དམག་ས་ནས། །

    ཝ་མོ་སྡར་མའི་བརྟུལ་ཞུགས་ཡོངས་བོར་རྒྱལ་ཁ་ལེན་རྒྱུའི་ཆོད་སེམས་བརྟན། །

    ཞྭ་མོ་ཁ་རས་ལག་ཤུབས་འབྲལ་མེད་སྨན་གོས་དཀར་པོ་ཕུད་སྐལ་དབེན། །

    ཟ་འཐུང་ཐབས་ཆག་གདམ་ཁ་མེད་པར་གཤིན་རྗེའི་བང་དང་སུ་མགྱོགས་འགྲན། །

    འ་ཆད་འུ་ཐུག་ཉམ་ངའི་ནད་ཅན་གདུང་བའི་གནས་ལས་མྱུར་བསྒྲལ་ཏེ། །

    ཡ་མཚན་ཐུགས་སེམས་ཤེལ་དཀར་བུམ་གྱིས་དགེ་བའི་སྦྱོར་བར་སྐུལ་བར་བྱེད། །

    ར་རིའི་ནད་བརྒྱ་འཁྲུལ་མེད་སེལ་ལ་འགྲོ་བའི་ལུས་ཁམས་བདེ་བྱེད་པ། །

    ལྭ་བ་དཀར་པོ་མནབས་པའི་འཚོ་མཛད་སྨན་པར་གྱུར་པ་འདི་རྣམས་ལ། །

    ཤ་རུས་གཅིག་གི་མགོ་ནག་སྐྱེས་བུས་བསྟོད་པས་མི་བཀུར་ཅི་ལ་སྲིད། །

    ས་ཕྱོགས་ཀུན་གྱི་ནད་ཀྱི་གཉེན་པོ་ཁྲི་གདུགས་ཉི་མའི་ཚུལ་དུ་བཞུགས། །

    ཧ་ཅང་མགུ་བའི་སེམས་ཀྱི་བསྟོད་པ་ལྕེ་བརྒྱར་སྤྲུལ་ཡང་བརྗོད་མི་ཚར། །

    ཡང་ཡང་གང་དེའི་བཀའ་དྲིན་དྲན་པས་སོར་རྩེའི་ཁ་ལོ་དབང་མེད་འགུལ། །

    ཨ་ཙི་གང་ཞིག་ཚེ་སྲོག་ལས་ཀྱང་རིན་ཐང་ཆེ་བ་མ་མཆིས་པས། །

    དེ་ཡི་མགོན་པོ་གོས་དཀར་སྨན་པར་བསྟོད་པའི་མེ་ཏོག་ལོས་ཀྱང་འབུལ། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།