ཀྲུང་གོ་བོད་ཀྱི་དྲ་བ།

གོས་དཀར་ལྷ་མོར་ཕུལ་བའི་ཀ་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : འབྲོང་རྩེ་བ་ཉི་མ་དོན་གྲུབ།   སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ཀ་ཅི་དཀར་པོའི་ཕྱི་གོས་དཀར་ཞིང་དཀར། །

    ཁ་བ་ལྟ་བུའི་ནང་སེམས་དེ་བས་དཀར། །

    ག་ཡོང་མེད་པའི་ནད་ཡམས་ཁྱབ་པའི་སྐབས། །

    ང་ཚོའི་གོས་དཀར་སྨན་པ་མཛའ་ན་མོ། །

 

    ཅ་ཅོ་མི་སྨྲ་ཞལ་རས་ལེགས་པར་བཏུམས། །

    ཆ་མེད་ནད་ལ་འཇིགས་སྣང་མི་གནང་བར། །

    ཇ་ཆང་འཐུང་ཚོད་བྱེད་བཞིན་ནད་པའི་ཆེད། །

    ཉ་བེ་ཉོབ་བེ་གནང་ཁོམ་ག་ལ་ཡོད། །

 

    ཏ་ལེར་འཆི་རྒྱུའི་ནད་པ་མང་པོའི་སྲོག །

    ཐ་མར་ཁྱེད་ཚོས་གཤིན་རྗེའི་ཁ་ནས་བསྐྱབས། །

    ད་ལོའི་དུ་བ་མེད་པའི་དམག་འཐབ་ནང་། །

    ན་ཚའི་དུག་དང་མདུང་རྩེ་ཁ་སྤྲོད་བྱེད། །

 

    པ་ཕ་ཨ་མ་ཟེར་མཁན་བུ་ཆུང་དང་། །

    ཕ་མ་རྒན་རྒོན་ཁ་ཡ་བྱེད་ཁོམ་མེད། །

    བ་གླང་སྨྱོན་པ་འདྲ་བའི་ནད་ཡམས་མདུན། །

    མ་འཇིག་མ་སྐྲག་དཔའ་བོའི་བརྟུལ་ཞུགས་འཛིན། །

 

    ཙ་གི་ཙི་གེའི་སྒེར་དོན་མཐའ་དག་བཞག །

    ཚ་གིས་ན་གིས་ཟེར་མཁན་ནད་པའི་ཆེད། །

    ཛ་དྲག་རིམས་འགོག་འཐབ་ས་མདུན་མ་རུ། །

    ཝ་ལྟར་མ་ཡིན་སྟག་བཞིན་དམར་འཛིང་བྱེད། །

 

    ཞྭ་ནས་ལྷམ་བར་དུག་འགོག་གོས་ཀྱིས་བཏུམས། །

    ཟ་སྡོད་འགྲོ་གསུམ་སྟབས་བདེ་ག་ལ་ཡོད། །

    འ་ཅག་སྤྱིར་བཏང་མི་ཡིས་བཟོད་དཀའ་བས། །

    ཡ་མེད་དཔའ་བོ་ཁྱེད་ཚོར་མཐེ་བོང་བསྒྲེངས། །

 

    ར་གན་གསེར་གྱི་དབྱེ་བ་ད་རེས་ཤེས། །

    ལ་རྒྱ་ཡོད་དང་མི་ཡོད་ད་རེས་མཐོང་། །

    ཤ་ཚ་ཆེ་དང་མི་ཆེ་ད་རེས་ཤེས། །

    ས་སྟེང་མི་ཡི་གཙུག་ཕུད་ཁྱེད་ཚོ་རེད། །

 

    ཧ་ཅང་དྲང་པོའི་སེམས་ཀྱི་ཀ་བཤད་འདི། །

    ཨ་མའི་བུ་ཡིས་ནག་ཆུང་ཡི་གེར་ཕབ། །

    ཧ་ཅང་ངན་པའི་ནད་དུག་འདུལ་བའི་ཆེད། །

    ཨ་ན་ཨུ་ཚུགས་གནང་མཁན་ཁྱེད་ཚོར་བསྟོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།