དུ་སྤྲིན་གྱི་སྙན་ངག་ཕྱོགས་བསྡུས།

   微信图片_20200313111842.jpg

རྩོམ་པ་པོ་མཚམས་སྦྱོར། དུ་སྤྲིན། དགུ་བཅུའི་སྨད་ཙམ་དུ་མོ་གྲོང་གི་ཉེ་ཕྱོགས་ཤིག་ཏུ་སྐྱེས། 2015ལོ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ད་ལྟའི་བར《ཁམས་པའི་རྩོམ་རིག་སྒྱུ་རྩལ》 《དྲི་ཟའི་གླིང་བུ》 《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》 《མཚོ་སྔོན་བོད་ཡིག་གསར་འགྱུར།》 《ཁམས་པའི་ཚགས་པར།》 《རྔ་བའི་ཚགས་པར།》 《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》 《མཚོ་ལྷོ་བོད་ཡིག་ཚགས་པར》 《ཀྲུང་གོ་བོད་ཀྱི་དྲ་བ》 《བཙན་པོ་མགར་གྱི་དྲ་བ》 《རྨ་ཀླུང་རིག་གནས་དྲ་བ》 《ཁམས་པའི་དྲ་བ》 《ཁམས་པའི་སློབ་ཁྲིད་དྲ་བ》སོགས་གཞུང་སྒེར་གང་རུང་གི་དྲ་ཚགས་དེབ་གསུམ་དུ་སྙན་ངག་ཅི་རིགས་བཀོད་མྱོང་།

  

             ཕ་ཡུལ།


ངའི་སེམས་ཀྱི་དབྱར་གཞུང་དུ།

ཕ་ཡུལ་ནི་མེ་ཏོག་དང་འདྲ་བར་བཞད་ཡོད།

ཕ་ཡུལ་ནི་གཙང་ཆུ་དང་འདྲ་བར་བཞུར་ཡོད།

ང་རང་མེ་ཏོག་ལ་འཁོར་བའི་ཕྱེ་མ་ལེབ་ཡིན།

ང་རང་གཙང་ཆུ་ལ་དུང་བའི་ངང་དཀར་ཞིག་ཡིན།


ངའི་སེམས་ཀྱི་དགུན་གཞུང་དུ།

ཕ་ཡུལ་ནི་ཉི་འོད་དང་འདྲ་བར་ཤར་ཡོད།

ཕ་ཡུལ་ནི་ཁ་བ་དང་འདྲ་བར་བབས་ཡོད།

ཉི་འོད་དེས་ང་རང་མུན་པ་ལས་ཐར་དུ་བཅུག

ཁ་བ་དེས་ང་རང་དཀར་པོ་དཀར་རྐྱང་དུ་བཟོས།


ཡིད་དུ་འོང་བའི་ཕ་ཡུལ་གྱི་མི་ཚོ།

སྤྲིན་དཀར་ལྟར་ལྷོད་ཀྱིས་ཆགས་ཡོད།

མེ་རི་ལྟར་སྟོབས་ཀྱིས་འབར་ཡོད།

བདེན་དོན་དང་གནས་ལུགས་ཟས་སུ་ཟ་ཞིང་།

བྱམས་བརྩེ་དང་རྟུལ་ཕོད་རྒྱན་གྱིས་བཀླུབས་ཡོད།


ངས་སྨོན་པའི་ལག་མཐིལ་དུ།

དབྱར་དགུན་ལ་དབྱེ་བ་མེད་པར་མེ་ཏོག་ཅིག་བཙུགས།

མེ་ཏོག་དེ་ཉི་འོད་ཀྱིས་གཉོར་ཡོད།

མེ་ཏོག་དེ་མུན་པས་སྲུང་བཞིན་ཡོད།

མེ་ཏོག་དེའི་མིང་གཞན་ལ་ཕ་ཡུལ་ཟེར།

ང་རང་མེ་ཏོག་དེས་གསོས་པའི་བུང་བ་ཞིག་ཡིན།

ང་རང་མེ་ཏོག་དེ་ཡི་གེ་སར་གྱིས་གཉོར་བཞིན་ཡོད།

མེ་ཏོག་དེའི་དྲི་བསུང་ཧ་ཅང་ཞིམ།

མེ་ཏོག་དེའི་ཁ་མདོག་ཤིན་ཏུ་མཛེས།

ང་རང་ས་ཆ་གང་དུ་སོང་ཡང་།

མེ་ཏོག་དང་འདྲ་བའི་ཕ་ཡུལ་བརྗེད་མི་སྲིད།

ཕ་ཡུལ་ནི་མེ་ཏོག་བཞིན་མཛེས།

                <<རྔ་བའི་གསར་འགྱུར་སྟེང་དུ་བཀོད།>>

             མེ་ཏོག


གློ་བུར་དུ་ངའི་རྩྭ་ཐང་དུ་བཞད།

རང་ཟོམ་དང་ཁེངས་དྲེག་གི་འདམ་བག་བསྐྱུར་ཏེ།

ཡིད་དུ་འོང་བའི་འདབ་མ་སྟོང་ལྡན་གྱི་ཞལ་རས་དང་།

འཇམ་ཞིང་མཉེན་པའི་རྒྱ་ལྕང་གི་མཛེས་སྡུག་དེ།

བུ་རམ་ཏིང་ཀོར་མ་བཞིན།

ལྕེ་ཐོག་ཏུ་བཞག་སྟེ་རོ་མྱོང་མི་ནུས་ཀྱང་།

སྣང་བ་དང་མུན་པ་ནང་བཞིན།

ང་ཡི་མིག་ཟུང་གི་མཐའ་སྐོར་དུ་ཚུད་པ་ནས་བཟུང་།

སེམས་པ་འདི་ཕྱེ་ལེབ་ཅིག་དང་འདྲ་བར།

ཁྱོད་ཀྱི་ཉེ་འགྲམ་དུ་ཡང་ཡང་འཁོར་ཡོད།

དཔྱིད་ཀ

ཁྱོད་ནི་དྲི་བསུང་ངད་པ་འཐུལ་ལེར་ཞིག་རེད།

ཁྱོད་ནི་འཛུམ་མདངས་འོད་ཟེར་ཁྱུག་གེར་ཞིག་རེད།

ཁྱོད་ནི་དཔྱིད་ཀ་ཞིག་ཡིན་པ་དྲན།

དཔྱིད་ཀ་ནི་འཇིག་རྟེན་འདི་ཡི་མཛེས་པའི་དངོས་པོ་ཀུན།

གཅིག་ཏུ་བསྡུས་ནས་བྱུར་བུར་གཏམས་པ་ཞིག་ཡིན།

དཔྱིད་ཀ་ནི་གཡུ་ཡི་མེ་ལོང་ཕྱིས་བལྟར་སྔོ་ཐིང་ངེར་ཞིག་ཡིན།

དཔྱིད་ཀ་ལས་ང་ཚོས་མཛེས་སྡུག་མཐོང་བ་ལྟར།

དཔྱིད་ཀ་ལས་ང་ཚོས་བདེ་སྐྱིད་མཐོང་བ་ལྟར།

དཔྱིད་ཀའི་ཁྲོད་ཀྱི་བརྐམ་ཆགས་མཁྲེགས་པོ།

རི་བོའི་ཕ་རོལ་ཏུ་བསྲིངས་ཡོད།

དཔྱིད་ཀའི་ཁྲོད་ཀྱི་གྲིབ་གཟུགས་རིང་མོ།

རི་བོའི་ཚུར་རོལ་ཏུ་འགྲེང་ཡོད།

ཁྱོད་རང་ལྗང་ལོ་ཇི་བཞིན། པད་འདབ་ཇི་བཞིན།

ཡོངས་སུ་ཞལ་ཁ་ཕྱེས་པའི་བྱུ་རུའི་མེ་ཏོག་ཅིག་སྟེ།

དཔྱིད་ཀའི་ཁྲོད་དུ་འབུས་སོང་།

དཔྱིད་ཀའི་ཁྲོད་ནས་འཛུམ་སོང་།

         <<རྔ་བའི་གསར་འགྱུར་སྟེང་དུ་བཀོད།>>

           ལོ་འདིའི་ཁ་བ། 


ལོ་འདིའི་ཁ་བ།

དཀར་གཙང་གཙང་གིས།

འོད་ལམ་ལམ་གྱིས།

ཉིན་གྱི་མི་དང་།      མཚན་གྱི་འདྲེ་བྱས་ནས།

ས་གཞི་འདིར་བབས་ཡོང་དུས།

ངའི་སེམས་སུ་ཁྱོད་ནི་སྙིང་རྗེ་མེད་པ་ཞིག་རེད་ཨང་།

རི་དྭགས་དང་སྒོ་ཕྱུགས།

རྟ་ཁྱུ་དང་ལུག་ཁྱུ།

མདོར་ན་སེམས་ཅན་གང་མང་གི་ཚེ་སྲོག

ལྟོགས་པའི་ཟས་དང་སྐོམ་པའི་ཆུ་རུ་བྱས་ཏེ་མིད།


ལོ་འདིའི་ཁ་བ།

གདུག་འདྲེ་སྲིན་པོ་ཞིག་གི་སྲོག་ཏུ་ཞུགས་ཏེ།

དྲག་གཏུམ་གཏུམ་གྱིས།

ཁྲོ་གཉེར་གཉེར་གྱིས།

མཐོ་སྒང་འདིར་བབས་ཡོང་དུས།

ངའི་མིག་ལམ་དུ་ཁྱོད་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་ལ་ཨང་།

དུས་ཚོད་ལ་དུས་ཚོད་བཏགས་ནས།

ཉིན་ཞག་ལ་ཉིན་ཞག་མཐུད་དེ།

མི་དང་སྒོ་ཕྱུགས་མང་པོར་མནར་གཅོད་བཏང་།

གྲང་དམྱལ་དུ་བཏང་།

2019/2/25<<མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་དུ་བཀོད།>>

            སྙུན།


ན་ཚ་དེའི་དབང་གིས།

ཁྱོད་རང་ཉིན་གང་པོར་མྱ་ངན་གྱིས་འཆིང་ཞིང་།

མཚན་གང་པོར་ན་ཟུག་གི་ཐང་དུ་འགྱེལ།

ཁྱོད་ཀྱི་སེམས་སུ།

མཚན་མོ་ནི་རྫོགས་མཐའ་མེད་པ་ཞིག་རེད་ཨང་།

སྙིང་ཉེ་ལགས། ཁྱོད་ལ་ཉེར་འཚེ་མེད་པའི་ཉི་མ་དེ་ནམ་འཆར་སྲིད།

ངས་ཁྱོད་ཀྱི་ཆེད་དུ།

ཞེ་འདོད་ཀྱིས་དེ་རིང་གི་ཉི་མ་ཕར་ལ་བསྐྱལ་ནས།

སང་གི་ཞོགས་པ་བསུ་བའི་སྟ་གོན་བྱས་ཡོད།

སང་གི་ཞོགས་པ་ཉེ་ཞོས་དབེན་པའི་ཞོགས་པ་རུ་སྨོན་ལམ་བཏབ་ཡོད།

སྙིང་ཉེ་ལགས།

གལ་ཏེ་ང་རང་སྣོད་བཅུད་ཀྱི་བྱེད་པོ་ཞིག་ན།

གལ་ཏེ་མཚན་མོ་འདི་ང་ལ་དབང་བ་ཞིག་ཡིན་ན།

ངས་ཁྱོད་ཁོ་ནར་སྣང་བ་བསྩལ་ངེས་ལ།

ཁྱོད་ཀྱང་མཚན་མོ་འདིར་སུན་དགོས་དོན་མེད།

2018/2/12 《ཁམས་པའི་ཚགས་པར་སྟེང་དུ་བཀོད།》

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།