རྩོམ་པ་པོ་མཚམས་སྦྱོར།
དུ་སྤྲིན། དགུ་བཅུའི་སྨད་ཙམ་དུ་མོ་གྲོང་གི་ཉེ་ཕྱོགས་ཤིག་ཏུ་སྐྱེས།2015ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ད་ལྟའི་བར《ཁམས་པའི་རྩོམ་རིག་སྒྱུ་རྩལ》《དྲི་ཟའི་གླིང་བུ》《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》《མཚོ་སྔོན་བོད་ཡིག་གསར་འགྱུར།》《ཁམས་པའི་ཚགས་པར།》 《རྔ་བའི་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《མཚོ་ལྷོ་བོད་ཡིག་ཚགས་པར》《ཀྲུང་གོ་བོད་ཀྱི་དྲ་བ》《བཙན་པོ་མགར་གྱི་དྲ་བ》 《རྨ་ཀླུང་རིག་གནས་དྲ་བ》《ཁམས་པའི་དྲ་བ》 《ཁམས་པའི་སློབ་ཁྲིད་དྲ་བ》སོགས་དང་གཞུང་སྒེར་གང་རུང་གི་དྲ་ཚགས་དེབ་གསུམ་དུ་སྙན་ངག་ཅི་རིགས་འགའ་བཀོད་མྱོང་།
ཝུའུ་ཧན་དུ་ཕུལ་བའི་སྙན་ངག
དུ་སྤྲིན། (ཡུལ་ཤུལ)
1
ཝུའུ་ཧན་ནི་ནགས་ཚལ་སྟུག་པོ་ཞིག་ཡིན།
ནགས་ཚལ་དེ་སེམས་ཅན་ཁྲི་ཕྲག་གི་འཚོ་གནས་སུ་གྲུབ་ཡོད།
ནགས་ཚལ་དེ་ས་གོ་ལའི་ལུས་ཀྱི་ཆ་ཤས་སུ་གྱུར་ཡོད།
ནགས་ཚལ་དེ་འཛམ་གླིང་མཛེས་པའི་སྐྲ་ལོ་སྨུག་ཆུང་ཞིག་ཀྱང་ཡིན།
བརྩེ་བ་ཡི་མིག་ཟུང་ཕྱེས་ནས་ཝུའུ་ཧན་ལ་བལྟ་མགོ་ཚུགས་དུས།
དབུགས་རིང་གིས་རྣ་བ་ཀེར་ཏེ་ཝུའུ་ཧན་དུ་ཉན་མགོ་ཚུགས་དུས།
ད་གཟོད། ཝུའུ་ཧན་དུ་ནད་ཡམས་ཀྱི་གྲང་རླུང་ཆེན་པོ་ཞིག་ལྡང་ནས།
མི་དང་མི་ཡི་ཚེ་སྲོག་གི་འདབ་མ་རེ་རེ་ལོ་ཟླའི་ཕར་རྒྱབ་ཏུ་བདས།
བདག་ནི་ཝུའུ་ཧན་དང་རྒྱང་ཐག་རིང་དུ་གནས་ཀྱང་།
རྣམ་ཤེས་འདི་ཉི་ཟླ་གཉིས་ཀྱི་སྐེ་ལ་འཁྱུད་དེ།
ཝུའུ་ཧན་གྱི་མི་སེམས་དང་ཁོ་ར་ཁོར་ཡུག་ཏུ་འཁྱིལ་ཡོད།
ད་དུང་། ས་ཆེན་འདིར་ཆགས་པའི་འགྲོ་བ་མིའི་རིགས་ཀྱིས།
ཁྱོད་རང་སེམས་ཀྱིས་གཉོར་ཞིང་མིག་གིས་འཚོས་ཡོད།
2
ནད་ཡམས་ཀྱི་གྲང་རླུང་ཆེན་པོ་དེ།
ཐོག་མར་ཝུའུ་ཧན་ནས་ལྡང་སྟེ་ད་ལྟ་ཁྱབ་ཁོངས་ཇེ་ཆེར་སོང་།
ནད་ཡམས་དེ་ངེས་མེད་ཀྱི་འཁྱམས་པོ་ཞིག་ལྟར།
རྐང་ལམ་དང་འགྲུལ་ལམ་བརྒྱུད་དེ་འགྲོ་བཞིན་འདུག
གྱང་ལྡེབས་དང་རྩིག་ལྡེབས་སུ་ཁེན་ཏེ་འགྲོ་བཞིན་འདུག
ཁ་ཟས་དང་བཏུང་བའི་རོ་ལ་འཐིམ་སྟེ་འགྲོ་བཞིན་འདུག
ནམ་ཞིག་ལ། ང་ཚོའི་གམ་དུ་འབྱོར་ཡོང་བའི་དོགས་གནད་ཀྱིས།
འགོག་སྲུང་གི་ཤེས་བྱ་གང་ཡོད་ལག་བསྟར་བྱེད་དགོས།
3
བྱམས་སེམས་དང་སྙིང་རྗེ་ཅན་གྱི་སྨན་པ་དེ་ཚོ།
མི་རིགས་ལ་ཕྱི་དཀར་ནང་དཀར་གྱི་སྨན་པ་དེ་ཚོ།
དཔྱིད་འགོ་མའི་མེ་ཏོག་བཞིན།
ཝུའུ་ཧན་གྱི་ཁ་བ་དང་གྲང་རླུང་མཉམ་དུ་བཞད་ཡོད།
ཉི་མའི་དྲོ་ཁོལ་དང་ཁ་བའི་བྱམས་བརྩེའི་ཁྲོད་བཞད་ཡོང་བའི་མེ་ཏོག་དག་གི།
གཟི་ཉམས་དང་སེམས་དཔའ་ནི་རི་རབ་ཀྱི་དཔུང་དང་མཉམ་ཨང་།
ཉི་འོད་ལ་བརྩེ་འཛུམ་བྱུགས་འདྲའི་ངོ་གདོང་དེ།
ཚེ་སྲོག་གང་མང་གི་དོན་དུ་དུས་ཚོད་ཀྱི་མདའ་རྩེ་ནས་རིད་པར་གྱུར།
4
ཉིན་འདི་དག་གི་རིང་། བརྙན་འཕྲིན་དུ་བལྟས་ན།
ནད་ཡམས་སྐོར་གྱི་གསར་འགྱུར་ལས་ཅི་ཡང་ཐོས་ཐུབ་ཀྱིན་མེད།
ཉིན་འདི་དག་གི་རིང་། ཁ་པར་དུ་ཅེར་ན།
ས་གནས་ཁག་གི་ནད་པ་འཕར་ཚད་ཀྱི་གྲངས་ཀ་ལས་ཅི་ཡང་མཐོང་གིན་མེད།
དེ་དག་རེ་རེ་བྱས་ནས་མིག་ཀོང་དུ་ཟུག་ཡོང་དུས།
དེ་དག་རེ་རེ་བཞིན་རྣ་བར་གཟན་ཡོང་དུས།
ང་ནི་གཉིད་དང་བྲལ་བའི་འུག་པ་བཞིན།
མཚན་ནམ་རིང་མོ་དེ་སེམས་གཅོང་དང་དངངས་སྐྲག་གི་ཡུན་དུ་ཟད།
5
ཛ་དྲག་གི་དུས་སུ།
དཀོན་མཆོག་ལས་གཞན་མེད་པའི་བསམ་པ་བསྐྱེད་ནས་གཟུངས་སྔགས་ཟློས་དང་།
དཀོན་མཆོག་ནི་ཕྱོགས་མེད་ཀྱི་མཁའ་དབྱིངས་སུ་ཤར་བའི།
ཕྱོགས་མེད་ཀྱི་ཉི་མ་གཅིག་པུ་དེ་ཡིན་པས།
གཏན་དུ་ང་ཚོར་བསླུ་བྲིད་གཏོང་མི་སྲིད།
ནམ་ཡང་ང་ཚོ་གཡོ་འོག་ཏུ་བཙུད་མི་སྲིད།
2020/2/13