ཆོས་སྐྱིད་སྒྲོལ་མ་མི་རེད། །
དོན་ལྡ་སྣོད་དྲུག་ཤ་རེད། །
དབུགས་ཀྱི་རྒྱུ་བ་རླུང་རེད། །
ཆད་ཀྱི་ཡོད་པ་འདྲ་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
མི་དེའི་ཐུགས་དགོངས་ལྷ་རེད། །
སྙིང་རྗེ་བྱང་ཆུབ་སེམས་རེད། །
འགྲོ་བའི་མགོན་པོ་དངོས་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
ཕ་མ་ཞིག་གི་སྙིང་རེད། །
ཟླ་ཡ་ཞིག་གི་སྲོག་རེད། །
བུ་ཕྲུག་ཅིག་གི་མ་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
ལང་ཚོ་མཛེས་བའི་སྐབས་རེད། །
བདེ་སྐྱིད་ལྡན་པའི་དུས་རེད། །
མི་ཚེ་དབྱར་ཁའི་གཞུང་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
དཔའ་སྙིང་སྟག་གི་ཆེ་རེད། །
གཞན་དོན་སྲོག་གི་གཅེས་རེད། །
འགྱུར་བ་མེད་པའི་དམ་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
མི་དེའི་ཕ་ཡུལ་སྟོད་རེད། །
ནད་དུག་མེད་པའི་ས་རེད། །
སོང་ན་ཆོག་པའི་ཁྱིམ་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
མི་དེའི་འགྲོ་ས་སྨད་རེད། །
ཝུའུ་ཧན་ནད་ཀྱི་གཞུང་རེད། །
འདེམས་ནས་སོང་བའི་གནས་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
མི་དེའི་ཐག་གཅོད་ལྕགས་རེད། །
ཕྱིར་འོང་ཉེན་ཁའི་བར་རེད། །
སེམས་ཀྱི་གྲ་སྒྲིག་བརྒྱ་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
མི་དེའི་ལས་ཀ་འཐབ་རེད། །
ནད་དུག་འཇོམས་པའི་དགྲ་རེད། །
ནད་པ་སྐྱོབ་པའི་མ་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
མི་དེ་བོད་པའི་ཚབ་རེད། །
མིའི་རིགས་སྤྱི་ཡི་གཙུག་རེད། །
ལྷས་ཀྱང་འགྲན་མེད་ཏོག་རེད། །
ཆོས་སྐྱིད་སྒྲོལ་མ་མི་རེད། །
ཁ་སང་དེང་གི་སྐབས་རེད། །
བསམ་ན་ངོ་མཚར་ཆེ་རེད། །
དབང་མེད་བསྟོད་པའི་གནས་རེད། །
ཞེས་པ་འདི་ནི་གསར་འགྱུར་ཁུངས་ཐུབ་ཅིག་ལས་བོད་རིགས་བུད་མེད་སྨན་བྱེད་པ་ཞིག་ཝུའུ་ཧན་ནད་གྲོང་ཆེན་མོར་རིམས་རྒོལ་ལ་ཕྱིན་པའི་གནས་ཚུལ་ཐོས་པས། སེམས་ནས་ཚད་མེད་ཀྱི་ཡི་རངས་བྱས། ཁ་སང་དེ་རིང་ང་ལྟ་བུའི་བེ་སང་བེ་ནག་ཅིག་ལྟ་ཞོག གྲུབ་ཆེན་པ་ཚོ་ཡང་རང་གི་དོན་དུ་སྒོ་ཕྱི་ལའང་འགྲོ་མ་ཐུབ་པར་ཕྱི་ས་ནང་ལ་འདོར་བའི་དུས་སྐབས་འདིར། ན་གཞོན་ལང་ཚོས་སྙེམས་པའི་བོད་རིགས་བུད་མེད་མཛངས་མ་ཞིག་གིས་རང་གི་ཚེ་སྲོག་ཏིང་རྒྱར་བཞག་ནས་གཞན་དོན་དུ་སོང་བ་གོ་བས་ན། རང་ཉིད་མིའི་རིགས་ལ་ངོ་གནོང་བའི་སྣང་བ་ཞིག་སྐྱེས་མུར་ཆོས་སྐྱིད་སྒྲོལ་མ་དང་དེ་འདྲའི་རིགས་ལ་བསྟོད་པའི་གླུ་ཆུང་འདི་མདོ་མེད་པ་ཁ་དྲག་གིས་ཐུང་བྲིས་བྱས་སོ།