ཀྲུང་གོ་བོད་ཀྱི་དྲ་བ།

ཀུན་ལ་ཉེ་རིང་མེད་པའི་གཏམ་དུ་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དགེ་འདུན་ཆོས་གྲགས།   སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བརྩེ་ཆེན་ཞགས་པ་ཕྱོགས་ཀྱི་མཐར་འཁྲིལ་བས། །

མཐོ་དམན་ཀུན་ལ་སྙོམས་པོར་ལྟ་བའི་མགོན། །

གསང་གསུམ་ཆ་ལ་སྐྱོན་གྱི་ཆ་ཤས་ཙམ། །

མ་གོས་བརྩེ་བའི་མགོན་དེས་རིང་དུ་སྐྱོངས། །


རིས་བྲལ་རིན་ཐང་བྲལ་བ་རིག་པའི་གཞུང་། །

འཚེ་མེད་ཞི་བ་སྙིང་བོར་བཟུང་བའི་གནད། །

དེ་ཡི་བདེན་གཏམ་རྣ་བའི་བཅུད་ལེན་གང་། །

དུས་ཀྱི་མཐའ་ན་ཉམ་ཐག་གསོས་སུ་སྨིན། །


ལར་ནི་རང་རང་ལས་ཀྱིས་བསྐོས་ཐང་གིས། །

སྣ་ཚོགས་དབྱིབས་དང་ཆ་བྱད་མི་འདྲ་ཡང་། །

རྣོ་དབལ་གཤིན་རྗེའི་ཁྲིམས་ཀྱི་ར་བ་རུ། །

ཉམ་ཐག་འོ་དོད་འབོད་ལ་ཁྱད་པར་ཅི། །


དེ་བས་སྤྱི་སྒེར་ཀུན་ལ་སྙིང་རྗེའི་སེམས། །

ཡང་ཡང་བསྒོམ་པས་རིམས་ཀྱིས་གདུང་བའི་མིར། །

རིགས་སྔགས་གཅིག་ཙམ་བགྲང་བའང་གནད་ཆེ་ན། །

རྣམ་དག་ཡིད་ཀྱིས་འགྲོ་ལ་སྙིང་རྗེ་སྒོམས། ། 


རིས་གཅོད་ཕྱོགས་ལྷུང་གདོན་གྱིས་གཙེས་པ་ལ། །

ནམ་ཡང་ཞི་བ་མྱོང་བའི་སྐབས་མེད་པས། །

ད་ནི་རང་གཞན་ཀུན་ལ་སྨན་པའི་ལས། །

སྣ་གཅིག་ཡིན་ཡང་འབད་པས་སྒྲུབས་པར་འཚལ། །


སྣ་མང་ཤེས་རིག་སྟོང་ལས་ཁྱད་འཕགས་པའི། །

རང་རེ་ནང་བའི་བསྟན་པ་ཁྱད་མཚར་འདིའི། །

ཟབ་གནད་སྟོང་ཉིད་སྙིང་རྗེའི་ལྟ་བ་ནི། །

ཀུན་ལ་ཉེ་རིང་མེད་པར་བསྒོམ་པ་གལ། །


རིགས་དྲུག་གང་ཡང་ཕ་མར་བསྒོམ་དགོས་ན། །

མི་ཡི་འགྲོ་བ་འདི་ལ་ལྷག་ཏུའོ། །

དེ་བས་ཉམ་ཐག་གནས་སུ་ལྷུང་རྣམས་ལ། །

དཀའ་བའི་དུས་སུ་གཅེས་པའི་སེམས་ཀྱིས་བལྟ། །


དེ་ལྟར་བྱས་པས་རྣམ་སྨིན་བདག་འབྲས་ཀུན། །

རྣང་ཞིང་སྒོར་མོར་ས་བོན་ཅི་བཏབ་བཞིན། །

རང་རང་འབྲས་བུ་གསལ་ལེར་སྨིན་ངེས་པར། །

ཐུབ་དབང་སྨྲ་བའི་ཟླ་བ་དེ་ཡིས་སོ། །


འདི་ལྟའི་རྟེན་འབྲེལ་རྒྱུ་འབྲས་མི་འཆོལ་བར། །

དུས་སུ་སྨིན་པ་མཐོང་ཆོས་མྱོང་འགྱུར་དུ། །

གྲུབ་པ་མིག་གིས་མཐོང་ཞིང་ལག་པས་རེག །

ཉེར་གཅིག་དུས་ཀྱི་མཐའ་ལ་ར་འཕྲོད་བྱུང་། །


ཆོས་ལུགས་ཀུན་ལ་ཕྱོགས་རིས་འཐེན་འཁྱེར་མེད། ། 

རིགས་དྲུག་ཡོངས་ལ་དགྲར་འཛིན་འདུ་ཤེས་མེད། །

ཐམས་ཅད་རྡོག་རྩ་གོང་བུ་གཅིག་སྒྲིལ་གྱིས། །

མཉམ་མྱོང་སྐྱིད་སྡུག་འགན་འཁྲིའི་དང་པོར་སེམས། །


ནད་ཡམས་གཡུལ་གྱི་ས་ན་རང་གི་སྲོག །

འབེན་དུ་བཞག་སྟེ་དམངས་དོན་སྒྲུབ་རྣམས་ལ། །

བར་ཆད་གེགས་ཀྱིས་ནམ་ཡང་མི་ཚུགས་པར། །

རླབས་ཆེན་ལས་དོན་ཡོངས་སུ་རྫོགས་པར་ཤོག །


མདོར་ན་རྒྱལ་ཁབ་སྟོབས་དང་ལྡན་པ་དང་། ། 

དམངས་ལ་ནད་ཡམས་མུ་གེ་མི་འབྱུང་ཞིང་། ། 

སྡེ་བཞིའི་དཔལ་ཡོན་སྔར་བཞིན་དར་བ་ཡིས། །

དཔལ་ལྡན་ཡབ་མེས་རྒྱལ་ཁབ་དར་བར་ཤོག །


འདི་ལྟར་རང་གི་སྨོན་ལམ་གང་བཏབ་དང་། །

དམག་དམངས་མཉམ་འབྲེལ་རྡོག་རྩ་གཅིག་སྒྲིལ་གྱིས། ། 

མི་མཐུན་གཡུལ་ངོའི་དཔུང་ཚོགས་ལས་རྒྱལ་ཏེ། །

མེས་རྒྱལ་སྲིད་པའི་རྩེ་ན་མཛེས་གྱུར་ཅིག །


དུས་ཀྱི་རྒུད་པའི་མཚོ་ན་ཉམ་ཐག་པའི། །

གསོན་བྲལ་མ་བུའི་བརྩེ་བ་སླར་སོས་ཏེ། །

སྤྲོ་དགའ་སྐྱིད་པའི་གཞིས་ཁྱིམ་ཉམས་དགའ་བ། །

སླར་ཡང་ཚུགས་པར་སྨོན་ལམ་སྙིང་ནས་འདེབས། །

ཞེས་2020ལོའི་ཟླ་1པོའི་ཚེས་10ཉིན་གྱི་དགོང་མོར་བྲིས་པའོ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།