འགར་སྐལ་བཟང་། དངོས་མིང་ལ་སྐལ་བཟང་རྒྱལ། མདོ་སྨད་རེབ་གོང་གི་ཆར་གཏོགས་རོང་འབྲོག་ཚོ་ལྔའི་ཡ་གྱལ་འགར་རྩེ་ཨ་བར་ཐེ་བུ་ཞེས་པའི་འབྲོག་སྡེ་རུ་སྐྱེས། མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ༡༩༩༨ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ༢༠༡༦ལོར་ལུའུ་ཞོན་རྩོམ་རིག་སློབ་གླིང་རྒྱལ་ཡོངས་སྐབས་བཅུ་དྲུག་པའི་གྲངས་ཉུང་མི་རིགས་འཛིན་གྲྭ་ནས་སློབ་མཐར་ཕྱིན། སྔ་རྗེས་སུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》གཙོས་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཏུ་སྙན་ངག་དང་དཔྱད་རྩོམ་དུ་མ་སྤེལ། ད་ལྟ་མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་སློབ་གཞི་རྩོམ་སྒྱུར་གྱི་བྱ་བ་གཉེར་བཞིན་ཡོད།
ཚེ་སྲོག་གི་རྒྱང་འབོད།
འགར་སྐལ་བཟང་།
སྙན་ངག་གིས་ནད་གསོ་ཨེ་ཐུབ།
གལ་ཏེ་མི་ཐུབ་ན།
ནད་པའི་རྣ་ལམ་གྱི་སེམས་གསོ་ཙམ་དང་།
ཤི་བོའི་སྔས་འགྲམ་གྱི་བསྔོ་སྨོན་ཙམ་གྱི་གོ་ཨེ་ཆོད།
དེ་ཡང་མི་ཆོད་ན།
དོན་མེད་ཀྱི་ཡིག་ཚོགས་འདི།
མནར་གཅོད་ཀྱི་དངན་པ་ཙམ་དུ་ཟད་ཨང་།
མར་མེ་ཡིས་ཤི་བོའི་ལམ་སྣ་འདྲེན་ཞིང་།
ཚ་གསུར་གྱིས་དྲི་ཟའི་ལྟོགས་སྐོམ་སེལ་བ་བདེན་ན།
སྙན་ངག་གིས་ཀྱང་ཕྱི་མའི་ར་མདའ་ཙམ་ཨེ་ཡོང་ངམ།
གལ་ཏེ། དེ་ཡང་མི་ཡོང་ཟེར་ན།
རྒྱུ་འབྲས་ལ་བསྐུར་བ་བཏབ་པའམ།
རྟེན་འབྲེལ་ལ་ཐ་ཚིག་བསྒྲགས་པ་མིན་ནམ།
ཉོན་མོངས་དང་སྡུག་བསྔལ།
ཐེ་ཚོམ་དང་མྱ་ངན་གྱིས་གདུངས་པའི།
དེ་རིང་གི་ང་ཚོར།
བདེན་དགེ་མཛེས་གསུམ་གྱི་དུག་སེལ་མེད་ན།
ནང་སེམས་ཀྱི་ར་རོ་ཇི་ལྟར་བཀྲུ།
སྣོད་བཅུད་ཀྱི་མཛེས་པ་སུ་ཡིས་བསྒྲོག
སུ་ཞིག་གིས་རང་བྱུང་གི་རྨ་ཁ་ནས།
སྐྱུག་བྲོའི་ཟློས་གར་བསྒྱུར་ཞིང་།
འབྱུང་བཞི་ཡི་གནོད་སྐྱོན་བསླངས།
སུ་ཞིག་གིས་སྙན་ངག་གི་རབས་ཁ་ནས།
བྱ་ཝང་གི་གཤོག་རྩ་བཅད་ཅིང་།
རྣག་ཁྲག་གི་འཁོར་ལོ་བསྐོར།
འདི་ཚང་མ་སྙན་ངག་དང་འབྲེལ་བ་མེད་པ་ཨེ་རེད།
འགྲོས་ཀྱིས་འཁོར་བའི་སྙན་ངག་མའི་ཕ་རོལ་དུ།
ཡན་པར་འཕྱོ་བའི་འཇིག་རྟེན་ཇི་སྙེད་ཅིག
ལྗན་ལྗིན་དང་མུན་ནག་གི་ཀློང་དུ།
ཡིད་གཉིས་སུ་གྱེས་ཤིང་།
སྡིག་བསྔལ་དུ་འབྱིང་།
དེ་བས། དུས་མིན་གྱི་བར་ཆད་སེལ་ཕྱིར།
གོ་གྱོང་འདི་ཅིས་ཀྱང་ལག་པས་ཕུར་དགོས་ལ།
འགག་འཕྲེང་འདི་ཅིས་ཀྱང་གོམ་པས་བསྒྲལ་དགོས།
འདི་ནི་འཇག་སྐྱ་རླུང་གིས་དེད་པའི་འུ་ཐུག་འོ་དོད་ཡིན།
འདི་ནི་སྙན་ངག་མེ་ཡིས་བསེགས་པའི་དྲག་པོའི་དཔུང་འཇུག་ཡིན།
འདི་ནི་བྲང་ཁོག་རྡོ་ཡིས་རྡུང་བའི་མཇུག་མཐའི་ཆོམ་སྒྲ་ཡིན།
འདི་ནི་འཆམ་མཐུན་དཔུང་རྡང་སྦྲེལ་བའི་གཟུགས་འདས་རྒྱང་གླུ་ཡིན།
༢༠༢༠ལོའི་ཟླ༢པའི་ཚེས༡༧ཉིན་གནའ་མཁར་ཟི་ལིང་དུ།
རྩོམ་སྒྲིག་པ། འབུམ་པ་རྒྱལ།
ཚེ་སྲོག་གི་རྒྱང་འབོད།