གངས་ཀྱི་གླུ།
ཡང་ན་ཁྱོད་ཀྱི་སྐྱེས་སྐར་ལ་ཕུལ་བ།
1
གངས་ཀྱི་རུས་པ
ས་གཞིའི་མཆེ་བར་ནས་སྐྱེས
བྱང་ཐང་སྨག་ཆེམ་ཆེམ
གླུ་སྒྲ་ཤག་ཤག་འཛར
2
དབྱངས་གསལ་གྱི་ཁ་བ
གངས་ཀྱི་ངོས་ལ་འཕྱོ
སྤྲིན་པས་བྲང་ཁོག་ལྡིར་ལྡིར
རླུང་བུས་གཤོག་འགྱུར་ལྡེམ་ལྡེམ
3
བྱང་ཐང་གི་དུས་ཚོད་ལ་དྲོད་ཤ་རྒྱས
གངས་ཆུས་ཚེ་སྲོག་ལ་ང་རྒྱལ་བསྩལ
སྲོད་ཀྱི་སྤྲིན་ཕུང་ལ་ཤེས་རབ་བཀྲ
གླུ་སྐད་ཀྱིས་བར་སྣང་ལ་ཕོ་བྲང་བཞེངས
4
ཁྱོད་ནི་དབྱངས་གསལ་གྱི་མ་ཡུམ་སྟེ
བླ་ན་མཐོ་བའི་མཛེས་སྡུག་གི་ཉི་ཟླ་ཉིད
ཁྱོད་ནི་ས་ཆེན་གྱི་གདོང་ན་འཛུམ་པའི་དཔའ་མཛངས་ཏེ
མཐའ་ཡས་པའི་འབྱུང་འགྱུར་གྱི་ནམ་མཁའ་ལགས
5
རྒོད་པོ་རྒས་པའི་རྨི་ལམ
ཁྱོད་ཀྱི་པང་ལ་འཁྱིལ
ཉི་འོད་ངལ་བའི་སྨྲེ་ངག
ཁྱོད་ཀྱི་མིག་ལ་མཆེད
6
མི་སེམས་ཀྱི་དབྱར་ཁ་ཡོད་ཚད
གངས་ཀྱི་རུས་རྐང་ལས་འཁྲུངས
མི་ཡུལ་གྱི་བདེན་ལུགས་ཐ་དག
གངས་ཀྱི་གླུ་སྒྲ་ལས་འབར
7
སྨུག་པས་བཏུམས་པའི་བྲང་གཞོང་དུ
ཡབ་མེས་ཀྱི་རང་དབང་མཐོང
རྐང་རྗེས་རྒས་པའི་ཤུལ་ལམ་དུ
རི་རབ་ཀྱི་དབུ་འཕང་མཇལ
8
མྱ་ངན་ཐང
དུས་ཚོད་ལ་སྡིག་སྒྲིབ་ཁ་བའི་གནས་མལ
གངས
རྣམ་ཤེས་ཀྱི་ལྡོམ་བུ་ལོག་སའི་སྒྲུབ་ཕུག
9
ཟུངས་ཁྲག་ལྟ་བུའི་སྙན་ངག
སྙན་ངག་ལྟ་བུའི་བརྩེ་དུང
ཡོད་ཚད་མཛེས་སྡུག་ཅིག་ལ་འཐིམ་འགྲོ་བའི
བསླུ་བྲིད་ཀྱི་ཞིང་བཀོད་གཞན་ཞིག
10
མ་ཡུམ་གྱི་བརྩེ་བ་ལས་བསྐྱེད་པའི་ནུ་ཞོ
ཤེས་རབ་ཀྱི་རྣོ་དབལ་ལས་སྲུབ་པའི་ཁ་དོག
ས་གཞིའི་ཏོག
དབྱངས་གསལ་ལས་བཞུར་བའི་འགྱུར་ཁུགས་ལྷོད་པོ
11
འོ་དྲི་མཆེད་པའི་སྨྲ་བརྗོད
རྨི་ལམ་གསར་བའི་གཞས་གདངས
གང་ནས་བལྟས་ཀྱང
གནའ་བོའི་བང་སོ་མཁྲེགས་པ་ཞིག
12
གླུ་སྒྲ་དང་མེ་ཕུང་ལ་འཛད་པ་མེད
བརྩེ་དུང་དང་སྐོམ་གདུང་ལ་འཛད་པ་མེད
ཁ་བ་ནི་མཚོན་དོན་ཞིག་སྟེ
གངས་ནི་གནམ་འདེགས་བྱེད་ཀྱི་ཀ་བའོ
13
འཇིག་རྟེན་གྱི་མཐོ་ས་ན་རྒྱུ་བའི་དུ་བ་སྔོན་པོ
འཇིག་རྟེན་གྱི་དམའ་ས་ན་བགྲོད་པའི་རྟོག་གེ་བ
ལུག་ཁྱུ་དང་སྦྲ་ནག་ཚར་ཤུལ་གྱི
ངག་མི་སྨྲ་བའི་ཤ་ཁྲག་གི་རི་རབ*
14
སྒྱུ་འཕྲུལ་གྱི་ལྷ་མོ
སྤྲིན་དཀར་གྱི་རྣ་ལོང
སྐྱེ་བོ་སུ་ཞིག་གི་སྙིང་ཁམས་ན
འཕུར་ཞིང་ལྡིང་བའི་རྒྱུ་སྐར་གྱི་ཕྲ་ཚོམ
15
ཐ་སྙད་ཀྱི་རྔོན་པ
ཐ་སྙད་ཀྱི་མདེའུ
འཇིག་རྟེན་ལ་རྨ་ཁ་དང་ཁ་བས་གཡོགས་དུས་ཀྱི
ལོངས་སྤྱོད་དང་མངའ་ཐང་ཁོ་ན་ཉིད
16
ཉི་འོད་གངས་ལ་ཕོག
གངས་ལ་དབྱངས་གསལ་སྦྲུམ
ཁྱོད་ཀྱི་སྔས་འགྲམ་དུ
ཁ་བ་ལེབ་མོ་ཞིག་གིས་འཇིག་རྟེན་གྲུབ
17
བདག་གི་དྲན་གདུང་གིས
ཁྱོད་ཀྱི་རྣམ་ཤེས་ཡང་ཡང་བསྒུལ
བསམ་བློའི་རྔོན་པ་དེ་ང་རང་གཅིག་པོ་མིན
ཁྱོད་ཀྱི་གྲིབ་གཟུགས་དེའང་ཨོ་ཤི་ཝེ་ཚི*མིན
18
གཞོན་དུས་མིག་ལ་ཐོགས
རྒས་དུས་ཞེ་མ་ཐོགས
བླ་སྲོག་གི་དོན་སྙིང་ཡོད་ཚད
ཁྱོད་ཀྱི་སྙིང་ཁ་ན་མེ་ལྟར་མཆེད
19
དབྱངས་གསལ་སོ་བཞི
ས་རྡུལ་འཁུར་བའི་འདབ་ཆགས་སོ་བཞི
འཕུར་འདོད་དུས་ཀྱི་ནམ་མཁའ
འབབ་འདོད་དུས་ཀྱི་བྲག་ཐེམ
20
ཆུ་ལས་གངས་རི་སྐྱེས
ཨ་ལས་ཡི་གེ་འཁྲུངས
ཚེ་སྲོག་གི་འབྱུང་ཁུངས་ལྟ་བུའི་གཙང་པོ
ཡི་གེ་ཡི་སྐྱེད་ཡུམ་ལྟ་བུའི་མ་མ
21
རྣམ་རྟོག་ལ་མཐའ་མེད་པ་བཞིན
འོད་ཟེར་ལ་སྣེ་མོ་བྲལ་བ་བཞིན
ཁྱོད་ཀྱི་ཞབས་རྗེས་དཔག་ཏུ་མེད
མིག་ཟུང་དུའང་རྨི་ལམ་གྱི་དྲི་ཞིམ་འཐུལ
22
སྲིད་པའི་མགོ་སྦྲ
འཚོ་བའི་གྲུ་ཤན
ལོ་རྒྱུས་ཀྱི་རྩིག་ངོས་སུ་མངོན་པའི་ལྕགས་རི
མུན་པའི་གཏིམ་རིམ་ནས་མཆེད་པའི་ལྷའི་རོལ་མོ
23
ཆེས་མཐའ་མའི་ལྷིང་འཇགས
ཆེས་ཐོག་མའི་ངུ་སྐད་དེ
ཡུལ་གྱེར་བའི་སེམས་ལ་ལྷུང་བའི་འཇའ་ཚོན་དང་ལག་རྟེན
ང་ཡི་ཞེ་ལ་འཐིམ་པའི་སྐྱོ་དབྱངས་དང་རི་རབ
24
སྲ་འཐས་སུ་གྱུར་བའི་མཁའ་དབུགས་དང་ས་གཞི་རུལ
ཡན་ལག་ཆད་པའི་འཚོ་བ་དང་ལམ་ཕྲན་བོར
ཁྱོད་ཀྱི་འོ་འཛིན་ལས
ཤེས་རབ་དང་དཔའ་རྟུལ་གྱི་རིགས་རྒྱུད་བརྡོལ
25
བླ་མེད་ཀྱི་མངའ་ཁུངས་དང
བླ་མེད་ཀྱི་དཔའ་མཛངས་ཡོད་ཚད
སྲ་བརྟན་གྱི་ས་གཞི་དང་མིའི་རིགས་ཀྱི་སྙིང་ཁ་ནས་བསྐྱེད
ངོ་མཚར་གྱི་ལོ་རྒྱུས་དང་གཏན་ཚིགས་ཀྱི་ཤེས་རབ་ལས་འབར
26
འཚོ་བ རྨི་ལམ་ལས་ཀྱང་རྒྱང་ཐག་རིང
དྲན་གདུང ཁུ་སིམ་ལས་ཀྱང་རྒྱང་ཐག་རིང
ཉི་ཟླའི་རྣ་ལོང་བཏེགས་པའི་རྒྱལ་རབས་དེ
ཁྱོད་ཀྱི་རྔམ་བརྗིད་ལས་ཀྱང་རྒྱང་ཐག་རིང་ཨང
27
ཁྱོད་ཀྱི་རུམ་ཁ་ནས སུ་ཞིག་གིས་རང་གི་འཚོ་བ་རྙེད་ནུས
ཁྱོད་ཀྱི་མིག་ཟུང་ལས སུ་ཞིག་གིས་རང་གི་གྲིབ་གཟུགས་མཐོང་ཐུབ
ཡོད་ཚད་ཀྱི་ཡོད་ཚད་དེ
ཁྱོད་ནི་དོན་སྙིང་ཐ་དག་གི་སྦུབས་སུ་ཉལ་བའི་ས་བོན་ཉིད
28
མཚར་སྡུག་རྒུད་འགྲོའམ
ལང་ཚོ་རྒས་འགྲོའམ
མི་སེམས་ཀྱི་ཡིད་འོང་ཉམ་པའི་དུས་རབས་འདིར
མངོན་ལྐོག་མེད་པའི་ནང་སྙིང་ངོ་མ་དེ་གང་དུ་འཚོལ
29
བྱ་ཁྱུ་ཚང་ལ་ལོག
གཙང་པོ་རྒྱང་དུ་བཞུད
སང་ཉིན་ནི་ཁ་བ་མེད་པའི་དགུང་གཞུང་ཞིག་ལྟར
ཁྱོད་ཀྱི་ནང་ཁོག་ཁོ་ན་འོད་དང་སྣང་བས་མཐོང་བར་བྱེད
30
ཐ་སྙད་ཀྱི་མེ་ཕུང
དབྱངས་གསལ་གྱི་གར་སྟབས
སུ་དང་གང་གིས་མཚོན་ཐུབ་མེད་པའི
གངས་དང་གླུ་སྒྲའི་རྒྱལ་ཁམས་ཆེན་པོའོ
2019ལོའི《གངས་རྒྱན་མེ་ཏོག》དེབ་བཞི་བ་ལས་བདམས།
མི་ལོ་སུམ་ཅུ།
ཡང་ན1987ལོར་ཕུལ་བ།
ཀ
དུས་ཚོད་ལ་རྐང་རྗེས་མེད་པ་བཞིན
མི་ལོ་སུམ་ཅུར་ཡང་གཟུགས་སྒྲ་དྲི་རོ་མི་འདུག
ཁ
ད་ལྟའི་བར སྐད་ཆ་ཁ་ཤས་ཀྱིས་ང་འཁུར་ནས་འོང
མགྲིན་པར་ལུས་པའི་ཐ་སྙད་ཀྱི་ཚོགས་ཤིག
ད་ལྟའང་རྟག་ཏུ་ངུ
ག
རྨི་ལམ་གྱི་ཁྲག་རྒྱུན་སྐམ་ཚར་བས
ང་རྡོ་བ་ཁ་ཤས་ཀྱི་རྗེས་སུ་རྒྱུག་སྟེ
ལྷིང་འཇགས་འགམ་ནས་འགོར
ང
ཁྱོད་ཀྱི་ཟླ་འོད་དང་ཆུ་ཕྲན སྐར་ཚོམ་སོགས
མི་ལོ་སུམ་ཅུའི་གྱང་ལྡེབས་སུ་བརྐོས་ཟིན་ཡང
ངས་ནི་ལྟ་བར་མི་བཟོད
ཅ
ང་ཚོས་ཕན་ཚུན་ལ་ཅེར་ནས་བསྡད་དེ
འཆི་བདག་གིས་བསྐུར་བའི་འཕྲིན་ཡིག་དེའི
ཁ་འབྱེད་མ་ཕོད་པ ཧ་ཅང་སྐྱོ
ཆ
ཁྱིམ་ནང་ལ་ཡར་ཕེབས་ཤོག་ཟེར་མཁན་དེ་ནི
བུ་གཉིས་ཀྱི་ཨ་མ་ཞིག་ཡིན་མོད
ངས་ནག་མོ་ཞེས་སྡིགས་ས་ཞིག་ཏུ་བརྩིས་ཚར
ཇ
ཨུ་ཚུགས་ཆེན་པོས་འཚོ་བའི་བང་རིམ་གཏོར་ཡང
མུན་པའི་རྒྱབ་ཏུ་འབར་བའི་བདེན་པ་ཉག་ཅིག་ནི
ལང་ཚོ་ཁོ་ནའོ
ཉ
ངས་རང་ཉིད་གཏིང་ཟབ་ས་ཞིག་ལ་བསྐུངས་ནས་ཡོང་བ་ཡིན
ཁེར་རྐྱང་ཁོ་ན་ལས དོན་སྙིང་གཞན་ཅི་ཡང་མ་མཐོང
ཏ
ང བརྩེ་དུང་དང་བཅར་ཐུབ་མི་འདུག
ང བདེན་དོན་དང་བཅར་ཐུབ་མི་འདུག
ཐ
རྨི་ལམ་ནང་བཞིན
གནས་ཤིག་ལ་ཅིས་ཀྱང་ལོགས་དགོས་བསམ་ཏེ
དེ་ནི་ཕ་མེས་ཀྱི་རུས་རྐང་འཐིམ་སའི་བླ་མཁར་དང
ཕ་ས་ཡིན་པ་བསྙོན་དུ་མེད
ད
མི་ཚེ་ནི་འཐབ་འཛིང་ཞིག་གི་འགོ་བརྩམས་པ་དང་འདྲ
མི་ལོ་སུམ་ཅུ་ནི་འཐབ་འཛིང་དེའི་ཁྲོད་ཀྱི
རང་ཡུལ་མེད་པའི་དཔའ་རྒོད་དེའོ
ན
སང་ཉིན་ནི་སྨིག་རྒྱུ་ལྟ་བུའི་དུས་ཚོད་ཀྱི་གྲོང་ཁྱེར་ཞིག་ཡིན་སྲིད་ཀྱང
སྐད་ཡིག་དང་བླ་སྲོག
འདུ་ཤེས་ནི་ཉམ་པ་མེད་པའི་གངས་ཀྱི་དཔུང་བ་
ཡིན་པ
ཁྱོད་ཀྱིས་ཡིད་ཆེས་བྱས་ཆོག
པ
རྗེས་སུ
ངས་དེ་རིང་གི་ཉིན་མོ་འདི་དྲན་ངེས་རེད
ཡིན་ནའང
ངས་རང་ཉིད་ཉར་ཚགས་བྱ་འདོད་གཏན་ནས་མེད
ཕ
ཁྱོད་ཀྱིས་འབྲོང་རྒོད་དང་རྟ་ཕོ
བྱ་གླག་སོགས་བྲིས་མྱོང་བ་བཞིན
ངས་ཀྱང་ཁེར་རྐྱང་དང་ཡི་མུག
མི་སྡིག་པ་སོགས་རུམ་ནས་འོང་བ་ཡིན
བ
ང་ལ་སྐྲ་དཀར་ཉག་མ་ཁ་ཤས་ལས་ཅི་ཡང་མེད
དེ་ནི་གངས་རིའི་ཁ་མདོག་ལས་བཞུར་བའི
འོད་ཟེར་གྱི་ཚོམ་ཞིག་ཡིན
མ
མི་ལོ་སུམ་ཅུ
ངས་རང་ཉིད་ནི་ཁ་གྲག་མི་ཤེས་པའི
ཁེར་རྐྱང་གི་རྡོ་བ་ཞིག་ཡིན་པ་ཚོར
ཙ
གྲིབ་མ་རིང་བོ་ཞིག་གིས
ང་ཡི་གཞོན་པའི་རྨི་ལམ་ཡོངས་སུ་བཅོམ
ས་རུབ་ཐེངས་རེར
ངས་ཁྱོད་ཀྱི་ལུག་ཁྱུ་དང་ལ་གཞས་དྲན་ནས
མཆི་མ་བཏང་མྱོང
ཚ
བཙའ་ཡིས་ཟིན་པའི་ལྡེ་མིག་དེས
ཉིན་མཚན་དབྱེར་མེད་དུ་སྒོ་མོ་ཞིག་ཕྱེས་འོང་བ་ཡིན
ཨོ དེའི་མིང་ལ་འཁོར་བ་ཟེར་རམ
ཛ
མེ་ལོང་ནང་གི་ང་ལ གཅེར་བུ་འབོད
འཚོ་བའི་ནང་གི་ང་ལ སྨྱོན་པ་འབོད
ཝ
མི་ལོ་སུམ་ཅུའི་ས་སྲོད་ཅིག་ལ
གངས་རྡུལ་གྱིས་བསྲུབས་པའི་དུར་རྡོ་ཞིག་ལས
དགེ་ཆོས་དང་མཇལ
ང་ཁོང་གི་ཆེད་དུ ངུས་ཤིང་སྨྱོས་ནས་འོང་བ་ཡིན
ཞ
འཚོ་བ་ནི་མདུད་པ་ཞིག་རེད
སྡུག་བསྔལ་ནི་མདུད་པ་ཞིག་རེད
མི་རེ་རེ་ཡང་མདུད་པ་ཞིག་རེད
ང་ཡང་མདུད་པ་དེ་ལས་བགྲོད་ཐུབ་མ་བྱུང
ཟ
ང་རང ཁུ་སིམ་སིམ་གྱི་ཁྲོད་རྒས་སོང
གཞན་གྱི་པགས་འཛུམ་ལ་བལྟས་པས
ལམ་གྱི་སྣེ་མོ་དེ་བོར་འདུག
འ
དབྱངས་གསལ་གྱི་བདུད་རྩི་ཁོ་ནས
ང་ཡི་རྣམ་ཤེས་བཟི་རུ་འཇུག་ཐུབ
སློང་མོ་བ
ཁྱོད་དང་འུ་གཉིས་ཀྱི་མི་འདྲ་སའང་འདི་རེད
ཡ
འཇིག་རྟེན་ལ་གཟེབ་མང་པོས
ང་མུན་པ་དང་ཁེར་སྡོད་ལ་གོམས་ཀྱིན་ཡོད
རང་སེམས་ན་ལྷ་འདྲེ་མང་པོས
ང་ཆགས་སྲེད་དང་འདོད་རྔམ་ལ་ཞེན་གྱིན་ཡོད
ར
མི་ལོ་སུམ་ཅུ་ནི
དུས་ཚོད་ཀྱི་རྨ་ཁ་ལས་བཞུར་བའི་ཁྲག་གི་གཙང་
བོ་ཞིག
མི་ལོ་སུམ་ཅུ་ནི
ཐ་སྙད་དང་ཚོར་ཤེས་ཀྱི་གྲུ་གཟིངས་བསྐྱོད་པའི་
ཀླུང་ཆེན་ཞིག
ལ
ང་ཡི་མགྲིན་པར་ལུས་པའི
གསེར་གྱི་སྒྲོག་གུ་དེའི་མིང་ལ
སྙན་ངག་ཅེས་བྱ
ངའི་ནམ་མཁའ་དང་ས་གཞི
ངའི་བླ་དང་སྲོག་ནི་འདི་ཉིད་ཡིན
ཤ
ངས་འཆི་བདག་ལ་ལགས་སོ་ཟེར་གྱིན་ཡོད
ངས་ཁེར་རྐྱང་ལ་ལེགས་སོ་ཟེར་གྱིན་ཡོད
དེ་ནི་ང་གྲུབ་བྱེད་དང་ཐར་བྱེད་ཡིན་པས་སོ
ས
སྐྱེ་བ་འདིར
ངས་རང་སེམས་རྡོ་གོར་མོ་ཞིག་ལ་བཅོལ་ཟིན
རྡོ་ལས་ལྷག་པའི་སྙིང་ཉེ་བ་ཞིག
གང་དུའང་རྙེད་རྒྱུ་མེད
ཧ
མི་ཚེ་སྟོན་ལ་སླེབས་དུས
བློས་མི་ཐོང་བ་ཅི་ཞིག་ཡོད
མི་སྡིག་པའི་གདོང་གཤིས་དེ་དག་ལའང
མཛེས་སྡུག་གི་མདངས་ཤིག་མངོན་ནས་འོང
ཨ
སྐྱོ་ངལ་གྱི་སྡོམ་རྒྱ་དེས
ང་རང་སྡོམ་གྱིན་སྡོམ་གྱིན་ཤོག་ངོས་ཅིག་ལ་བྲིས་ཚར
ཤོག་ལྷེ་དེ་གནས་གང་ཞིག་ལ་འཁྱར་འགྲོ་བམ
མིག་རྡེབ་ཙམ་གྱིས
མི་ལོ་སུམ་ཅུའི་མྱ་ངན་ཐང་ཞིག་ལ་སླེབས་འདུག
《གངས་རྒྱན་མེ་ཏོག》 དེབ་བཞི་བ་ལས་བདམས།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཐོ་རེངས་ལགས་ཀྱི་སྙན་ངག་རིང་མོ་གཉིས།