རྟའུ། དཔའ་མ་ཞུམ།
རྟའུ། མཐའ་ཡས་པའི་ནམ་མཁའ་ཁོག་ཏུ་རུམ་དང་།
སྤྲིན་དཀར་གྱི་འདབ་མ་བཀླུབས་ཤིང་འདུ་འབྲལ་གྱི་ཞེན་ཆགས་བོར་བའི་ཕོ་ཉ་མདུན་དུ་ཡོད།
སྐྱིད་སྡུག་མཉམ་ཁུར་བྱེད་པའི་སྐྱེ་འཆི་བརྗེ་བའི་སྤུན་ཟླ་མདུན་དུ་ཡོད།
དཀའ་སྡུག་གི་གདུང་བ་བསུ་བའི་མཚམས་སྤྲིན་གྱི་ན་བཟའ་བཀླུབས་པའི་སེམས་དཔའ་མདུན་དུ་ཡོད།
རྟའུ། བློ་མ་ཕམ།
རྟའུ། ནད་ཡམས་དེ་འདྲེ་སྲིན་གྱི་སྡེར་མོ་བཞིན་བརྐྱངས་ཡོང་སྟེ།
ཁྱོད་ཀྱི་སྙིང་ཁར་སྤར་འབྲད་ཡང་ཡང་བརྒྱབ་ནའང་།
ཤ་ཚ་བའི་སྡུག་བསྔལ་གྱི་སྤྲིན་པའི་ཁ་ཆར་དེ།
སྤུན་ཟླ་མིང་སྲིང་རེ་རེའི་སྙིང་རྗེ་ཡི་མིག་མཐའ་ལ་བཞུར་གིན་འདུག
རྟའུ། ཞེ་མ་འཁྱག
རྟའུ། ཁྱོད་ཚོའི་རྨི་ལམ་གྱི་ཞིང་ས་དེ་རུ།
མིག་ཆུ་དང་སྐྱོ་གདུང་བསུ་བའི་གཉེན་ཉེ་ཡོད།
སྤུན་ཟླ་ཚོས་ཁྱོད་དང་མཉམ་དུ་གདོང་མཆོངས་བྱེད་བཞིན།
གདུང་སེམས་ཉམས་བསྐྱེད་བྱེད་བཞིན་ཡོད།
རྟའུ། ཁྱོད་ལ་ཐུགས་སྨོན་གྱི་གཙང་པོའི་རྒྱུན་ནི་ད་དུང་ཡང་ལྷུང་ལྷུང་གིས་འབབ་ཀྱིན་འདུག
ཕྱི་གསལ་ནང་གསལ་གྱི་ལྭ་བ་དཀར་པོ་བཀླུབས་པའི་ལྷ་རྗེ་དག་གིས།
ཉི་ཟླའི་ཡ་ཆུང་དང་ཁྱོད་ཀྱི་བྲང་གཞུང་ལ་ཤག་ཤག་སྟོར་སོང་།
ལག་དམར་གྱི་ནད་ཡམས་དེའི་གྲི་དངོ་ནས།
མི་ཚོགས་དག་སྐྱེ་བར་བརྗེད་དེ།
འཁྱག་སིབ་སིབ་ཀྱི་འཆི་བ་དྲན་གྱིན་འདུག
ཉིན་མོའི་འཆར་གཞི་དང་།
མཚན་མོའི་རྨི་ལམ་ཡང་འཆི་བས་བདག་ཏུ་བཟུང་འདུག
བྱིས་པ་ཚོས་དྲོ་དྲོ་ཉི་མ་ལྡེ་རྒྱུའང་བརྗེད་འདུག
ཨ་མ་ཚོས་དགོ་དགོ་འབྲི་མོ་འདང་ལ་འཁྱིལ་བའི་སྒྲ་དབྱངས་ཆད་པ་བརྗེད་འདུག
ཨ་ཕ་ཚོས་འདོ་རིག་རྟ་ཕོའི་ཐག་ཐག་གི་གོམ་སྒྲ་བརྗེད་འདུག
ནད་ཡམས་འདི། སྒྱུ་འཕྲུལ་གྱི་རོལ་རྩེད་ཅིག་ཡིན་ཡང་སྲིད་ལ།
ནད་ཡམས་འདི། མི་རིགས་དང་ཆོས་ལུགས་ཁྱད་པར་མི་ཤེས་པས་ཡོད་ཚད་ལ་ཅོ་འདྲི་ན་ཐང་།
རྟའུའི་རྟག་བརྟན་གྱི་འཛུམ་རིས་ལས་ཡིད་ཆེས་ཤིག་རྙེད་དགོས།
རྟའུའི་རྔུལ་ཆུ་འཛར་བའི་དཔུང་པ་ལས་སྤོབས་པ་ཞིག་མཐོང་དགོས།
རྟའུ། ཏོག་དབྱིབས་ནད་དུག་གསར་པའི་ནད་འབུ་གང་སར་རྒྱུ་བཞིན་འདུག
ནད་འབུ་འདིས་བླ་སྲོག་རྩེད་ཆས་བྱེད་བཞིན་འདུག
ལ་དང་ལུང་པ་བརྒལ་ནས་འདྲེ་སྲིན་དེ་གང་དུ་སོང་ན་དེ་རུ་ནད་ཡམས་ཀྱིས་མནར།
རྟའུའི་ནམ་མཁའ་ནི།
ལུག་ཁྱུ་མེད་པའི་འབའ་སྐད་དང་།
ནོར་ཁྱུ་མེད་པའི་སྤང་ཐང་ཞིག་ཡིན་མི་སྲིད།
རྟའུ་བ། ང་ཚོ་ནམ་ཡང་ཁྱོད་ཀྱི་ཉེ་ས་རུ་གནས་ཡོད།
ནམ་མཁའ་ཡི་མཐོངས་སུ། ས་གཞི་ཡི་དབུས་སུ།
ང་ཚོས་ཁྱོད་དང་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་ཡོད།
རྟའུ་ཤུགས་རྒྱོབས་དང་།
ནད་འགོག་གི་བཙན་རྫོང་ནི་རང་ཁྱིམ་དེའོ། །
རང་སྲུང་གི་གོ་ཆ་ནི་སྒོ་ཕྱིར་རུ་མི་འབུད་པ་དེའོ། །
རྟའུ་ཤུགས་རྒྱག་རོགས།
མཐོ་སྒང་གི་ཟེ་བར་འཐམས་པའི་རྟའུ་པ།
ནད་རིམས་གྱིས་རང་གཞན་མི་འབྱེད།
ནད་ཡམས་ཀྱིས་མནར་བའི་རྟའུ་བ།
ན་ཟུག་གིས་ཕྱི་ནང་མི་ཕྱེ།
རྟའུ་ཤུགས་རྒྱོབས།
མཆོག་གསུམ་ལ་དད་པ་མ་ཆུང་ཞིག
ཚན་རིག་གི་འགོག་སྲུང་མ་ལྷོད་ཅིག
༢༠༢༠/༢/༡༢ཉིན་མཚན་མོར་གྲུབ།
རྩོམ་སྒྲིག་པ། འབུམ་པ་རྒྱལ།
རྟའུ། དཔའ་མ་ཞུམ།