ཀྲུང་གོ་བོད་ཀྱི་དྲ་བ།

རྟའུ་ལ་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲི་སེམས་དཔའ།   སྤེལ་དུས། : 2020-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར།   ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན། 《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན།1979ལོར་མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། 2017ལོར་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས33པའི་མཐོ་རིམ་འཛིན་གྲྭར་འགྲིམས་མྱོང་། འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》《ཁྲི་སེམས་དཔའི་སྙན་ངག》(རྒྱ་ཡིག་པར་མ)འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》《གཡུ་ཆུང་དྲུག་དཀར》སྒྲུང་རིང་དེབ《མར་ངོའི་ཟླ་བ》སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད། བརྩམས་ཆོས་ཁག་ཅིག་རྒྱ་ཡིག་དང་ཉི་ཧོང་གི་ཡི་གེ་སོགས་སུ་བསྒྱུར་ཡོད།  སྔ་གཞུག་ཏུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་།གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ།ཟླ་ཟེར་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། གངས་རྒྱན་རྟགས་མའི་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།


རྟའུ་ལ་ཕུལ་བ།

ཁྲི་སེམས་དཔའ།

རྟའུ་ནི་སི་ཁྲོན་ཞིང་ཆེན་གྱི་ཡིན་པར་བསམས་ན།

དེ་ནི་ཧ་ཅང་རྒྱང་རིང་ཞིག་སྟེ།

རི་ཆུ་ཁྲི་ཕྲག་གི་ཕ་རོལ་ཏུ།

རྟའུ་ནི་བོད་ཀྱི་ཡིན་པ་དྲན་དུས།

དེ་ནི་དེ་འདྲའི་ཉེ་བ་ལ་ཨང་།

ལག་པ་བརྐྱངས་པ་ཙམ་གྱིས་མྱོང་རེག་ཐུབ་པ་ཞིག

སེམས་ལ་བསྒོམས་པ་ཙམ་གྱིས་ན་ཟུག་སྐྱེས་འོངས་པ་ཞིག

མིག་ལ་ཐོགས་པ་ཙམ་གྱིས་མཆི་མ་འཐོར་འགྲོ་བ་ཞིག

……

ངའི་རྟའུ་ཡི་སྤུན་ཟླ། 

ངས་བཤད་འདོད་པ་ཐམས་ཅད་ཁྱོད་ཀྱིས་གསལ་བོར་རྟོགས་ཡོད།

ངའི་སྡུག་བསྔལ་དུ་རློམ་པ་ཡོད་ཚད་ཁྱོད་ཀྱིས་སྔར་ནས་མྱངས་ཟིན།

ཁྱེད་རང་རླུང་འཚུབ་ཀྱི་དཀྱིལ་སྙིང་དུ་ལུས་ཏེ།

ཁ་ཆར་གྱི་འཇབ་རྒོལ་སེམས་ལ་ཕོག

ཁྱེད་ཀྱིས་འཇིགས་དངངས་ཀྱི་ཟབ་སར་འགྲེ་ལྡོག་རྒྱག་བཞིན།

བསླུ་མེད་ཀྱི་དཀོན་མཆོག་ལ་རེ་ཞིང་བསྒུགས།

རྟའུ་ཡ། གྲོགས་མེད་ཁེར་རྐྱང་དུ་ལུས་པ་ཁྱོད་ཁོ་ན་མིན།

ངས་ཡིག་དྲུག་གི་དབྱངས་རྟ་རྟའུའི་ཕྱོགས་སུ་འཕུར་བ་མཐོང་བྱུང་།

ངས་སེམས་ཁྲལ་གྱི་མིག་ཆུ་རྟའུའི་ཕྱོགས་སུ་བཞུར་བ་མཐོང་བྱུང་།


རྟའུ་ཡི་སྤུན་ཟླ། དགུན་ཁ་འདི་རྙི་ལ་ཚུད་སོང་།

རྙི་འཛུག་མཁན་དེ་སུ་ཡིན་ནམ།


རྟའུ་ཡི་སྤུན་ཟླ། མི་རྣམས་ཀྱི་མཐོངས་སུ་དཀག་པའི་ནམ་མཁའ་འདིས།

སྨུག་པ་ལང་ལོང་གི་གསེབ་ནས་དྭངས་གཙང་བོར་འདུག


རྟའུ་ཡི་སྤུན་ཟླ། ཉིན་གྱི་སྣང་བ་དང་མཚན་གྱི་ངལ་བ།

སྒྱོགས་ཆེན་གྱི་མཆུ་ལ་བཏབ་སྟེ་རྒྱང་དུ་སྤྱུགས་འདོད།


རྟའུ་ཡི་སྤུན་ཟླ། རྟའུ་ཡི་མེ་ལོང་ངོས་སུ་ཤར་བའི།

རྟའུ་ཡི་མ་བསྣོགས་པའི་བཞིན་རས།

བདག་ཡིད་དུ་རྟེའུ་བཞིན་བཏགས་ཡོད།


རླུང་བུ་ཤུར་ཤུར་གྱིས་ལྗོན་པ་བསྒུལ།

ལྗོན་པས་བྱིའུ་བསྒུལ།

རྟའུ་ཡ། ཁྱེད་ཀྱིས་ངའི་སེམས་པ་བསྒུལ་བྱུང་།

སེམས་ཀྱི་ཟབ་སར་བསྐུངས་པའི་རྒྱུ་འབྲས་ཀྱི་སེང་གེ་དཀར་མོས།

མིའི་རིགས་ཀྱི་བྱས་ཉེས་ལ་འཁང་ར་བྱེད།

རྟའུ་ལ་དག་སེལ་འབུད་དགོས་ཟེར།

རྟའུ་ནད་གདོན་ལས་གཏང་དགོས་གསུང་།

རྟའུ་ཡིས་ཅི་ཉེས་ཟེར།

རྟའུ་ཡིས་ཅི་ཉེས།  


མེ་ཏོག་གིས་བཞད་པའི་དབྱར་ཁ་དེ།

རྟའུ་ཡིས་དྲན་སྲིད།

སྤང་ཐང་དུ་ཤ་མོ་བརྡོལ་དུས།

སེར་ཆེན་མེ་ཏོག་ཁྲ་ལམ་མེར་བཞད་དུས།

ཉག་ཆུ་ལྷུང་ལྷུང་དུ་བཞུར་དུས། 

རྟའུ་ཡི་སྐྱིད་དེ་གང་དུ་འཇོག

རྟའུ་ཡ། སྐྱིད་དེ་དྲན་པར་གྱིས། 

སང་ཉིན་དྲན་པར་གྱིས། 

སང་ཉིན་གྱི་སང་ཉིན་དྲན་པར་གྱིས། 


ཁྱེད་ནི་ང་ཡི་རྟའུ། 

ཁམས་ཀྱི་རྟའུ།

བོད་ཀྱི་རྟའུ།

རྟའུ་པ་རྣམས་ཀྱི་རྟའུ། 

……

༢༠༢༠ ལོའི་ཟླ༢པའི་ཚེས༡༦ཉིན། 

རྩོམ་སྒྲིག་པ། : འབུམ་པ་རྒྱལ།