ཀྲུང་གོ་བོད་ཀྱི་དྲ་བ།

ལྷོད་གཡེང་མ་གནང་རིག་པ་སྒྲིམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཀྲ་ཤིས་དཔལ་ལྡན།   སྤེལ་དུས། : 2020-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷོད་གཡེང་མ་གནང་རིག་པ་སྒྲིམས།

བཀྲ་ཤིས་དཔལ་ལྡན་གྱིས།


ཉིས་སྟོང་ཉི་ཤུའི་ལོ་འགོ་དང་། །

ལྕགས་བྱི་ལོ་གསར་འཆར་ཉེའི་སྐབས། །

སྐྱེ་འགྲོའི་ཚེ་སྲོག་ལ་རྒོལ་བའི། །

ཏོག་གསར་གློ་ཚད་རིམས་ནད་ལངས། །


གྲོང་ཁྱེར་ཝུའུ་ཧན་གཙོ་བྱས་པའི། །

ཀྲུང་ཧྭ་ས་གཞི་ཆེ་མོའི་ཐོག །

གོང་འོག་སྟོབས་ཤུགས་གཅིག་སྒྲིལ་གྱིས། །

ནད་འགོག་མི་དམངས་དམག་འཁྲུག་བཤམས། །


མཐོ་བ་རྒྱལ་ཁབ་གཙོ་འཛིན་དང་། །

དམའ་བ་གྲོང་ཚོའི་སྡེ་དཔོན་དབར། །

ཚང་མ་མཛད་བྲེལ་ཆེ་བ་འདི། །

བསམས་ན་ཐམས་ཅད་དམངས་ཀྱི་དོན། །


གངས་ཅན་ལྗོངས་ཀྱི་སྐྱེ་བོ་རྣམས། །

རེ་ཞིག་དོགས་ཟོན་བྱས་ནའང་། །

ལོ་གསར་སླེབས་ཁར་ལྷོད་གཡེང་གི །

སྣང་ཚུལ་མཐོང་བས་བློ་མ་བདེ། །


ཁ་ནས་ཨ་ཙི་དཔེ་ལ་ཟེར། །

སེམས་ལ་ཨོ་ཙི་ཨེ་ཡོང་བསམ། །

རྐང་པ་དབང་མེད་ཁྲོམ་ལ་ཤོར། །

ལག་པ་འཛེམ་མེད་གང་སར་འཆང་། ། 


རི་མཐོ་ས་གཙང་ཉི་ཟེར་ཚ། །

རིམས་ནད་མེད་ཟེར་མ་གསུངས་ཤིག །

ནད་ཀྱིས་རིགས་དང་ཡུལ་མི་འབྱེད། །

ཡིད་མ་ཆེས་ན་རྟའུ་ལ་ལྟོས། །


གལ་ཏེ་ནད་ཀྱིས་བཟུང་བ་ན། །

རང་ཕུང་གཞན་ཡང་གཡང་སར་རྫོང་། །

གོས་དཀར་ལྷ་རྗེ་ངལ་བས་གཙེས། །

ལུས་ཟད་རྒྱུ་ཟད་ཡུལ་ཡང་བརྫད། །


གསར་འགོད་པ་དང་སྙན་སྒྲོན་པ། །

སྙན་ངག་པ་དང་རྩོམ་པ་པོ། །

དེ་བཞིན་གར་སྟེགས་འཁྲབ་སྟོན་པ། །

སྐད་འཕྲིན་རླུང་འཕྲིན་བརྙན་འཕྲིན་ཐོག །

ཐབས་རྩལ་གང་ཡོད་བཏོན་བྱས་ཏེ། །

རིམས་འགོག་ཤེས་བྱ་སྒྲོག་པ་འདི། །

ཀུན་ལ་ཕན་ན་བསམ་པ་ལས། །

གྲགས་འདོད་ཁེ་འདོད་ངོམ་འདོད་མིན། །


སྐུ་ཞབས་ཀྲང་ལགས་སོང་ན་ཡང་། །

ཝང་དང་ཐང་དང་བཟང་ལ་སོགས། །

བོད་དུ་ལས་དུས་ལངས་དང་ལྷན། །

འཛུགས་སྐྲུན་དཔུང་ཆེན་འཛོམ་བཞིན་ཡོད། །


ད་ལྟ་ནད་དཔེ་མེད་ན་ཡང་། །

རིམས་ནད་མཆེད་མཚམས་ཆད་མི་འདུག །

ནད་དགྲ་སྒོ་ཁར་སླེབས་ཉེ་བས། །

དིང་རི་བ་ཡི་དཔེ་མ་བཟུང་། །


སྨན་པ་སྨན་རྫས་སྨན་ཁང་དང་། །

སྨན་བཅོས་ཆ་རྐྱེན་ལག་རྩལ་དང་། །

ས་མཐོའི་མི་ཤུགས་དངོས་ཤུགས་སོགས། །

ཏོག་དབྱིབས་ནད་ཀྱི་དོ་ཟླ་མིན། །


ཨོ་ཙི་ཡོང་ཟེར་རེ་སྟོང་འཆང་། །

དྲན་སྐུལ་བྱས་ན་རྣ་རྒྱབ་གཏོང་། །

ཚན་རིག་བཤད་ན་རྨོངས་དད་བྱེད། །

དེ་ནི་རང་རེའི་སྲོལ་ངན་ཡིན། །


ཏོག་གསར་གློ་ཚད་མ་ཕོག་ན། །

ལོ་གསར་སང་ལོ་བཏང་ཡང་ཆོག །

ནད་ཀྱིས་ཨ་ཁུའི་སར་བོས་ན། །

ལོ་གཅིག་རྗེས་ལ་ལོ་མཆོད་རེད། །


གསོན་དང་ཨ་ཅག་ཨ་ཇོ་དང་། །

ཕོ་གཞོན་མོ་གཞོན་ལང་ཚོ་ཅན། །

ཨ་ཁུ་ཞིང་པ་འབྲོག་པ་བཅས། །

རང་དབང་ཡོད་དུས་རང་ཚོད་བཟུང་། །


ཀྲུང་དབྱང་དབུ་ཁྲིད་བཟང་དང་གཅིག །

རྒྱལ་ཁབ་སྟོབས་འབྱོར་ཆེ་དང་གཉིས། །

ཀུན་སེམས་གཅིག་ཏུ་བསྒྲིལ་བྱས་ན། །

ནད་དགྲ་མྱུར་དུ་འཐུལ་བར་ངེས། །

རྩོམ་སྒྲིག་པ། : འབུམ་པ་རྒྱལ།