ཀྲུང་གོ་བོད་ཀྱི་དྲ་བ།

རྫ་སྐྱེས་ཕུར་བའི་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་གི་གསར་བྲིས་སྙན་ངག་སྐོར་ཞིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྫ་སྐྱེས་ཕུར་བ།   སྤེལ་དུས། : 2020-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1579788779940349.jpg

རྫ་སྐྱེས་ཕུར་བ།  ལོ་རབས་བརྒྱད་ཅུའི་ནང་རྫ་ཆུ་ཁར་སྐྱེས། དེ་སྔོན་རོང་བོ་དགོན་ཆེན་དང་། ལྷ་སའི་སེ་ར། བྱེས་ཀྱི་སེ་ར་དགོན་བཅས་ནས་སློབ་གཉེར་བྱས། 《གངས་རྒྱན་མེ་ཏོག》དང་། 《སྦྲང་ཆར》 《ཟླ་ཟེར》《མི་རིགས་ཀྱི་རྩོམ་རིག》《གངས་དཀར་རི་བོ》སོགས་སུ་སྙན་ངག་མང་པོ་བཀོད། བརྩམས་ཆོས་༢༠༡༤ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་སྙན་དེབ《ཟིལ་བ》དང་།   ༢༠༡༩ལོར་པར་བསྐྲུན་བྱས་པའི་སྙན་དེབ་《འཕྲུལ་བའི་ཟླ་བ》གཞས་ཚིག《ཡར་ཀླུང》སོགས་ཡོད། ད་སྐབས་《རྫ་ཆུའི་རླབས་སྒྲ》དྲ་བའི་དོ་དམ་པ་དང་།  《ནས་སོན》ལོ་དེབ་ཀྱི་སྤྱིའི་ལྟ་སྐུལ་བའི་ལས་ཞོར་སྔར་རྒྱུན་བཞིན་སྙན་ངག་འབྲི་བར་བརྩོན་བཞིན་ཡོད།


མེ་ཏོག་གཅིག་ལས་ཁ་སང་མངོན་པ།

 

ཁ་སང་གླུ་ཡི་ལྗོན་པ་དེའི་སྟེང་ནས།།

དུས་ཐུང་ངང་གི་དགུན་གྱི་སྐྱེད་ཚལ་མངོན།།

ནམ་ཞིག་ས་ལ་ལྷུང་བར་ངེས་པ་དང་།།

འཇིག་པར་སླ་བ་དག་ནི་མཛེས་པ་འོ།།

མེ་ཏོག་ཅིག་ལས་ཁ་སང་བརྗེད་པར་བྱས།།

མེ་ཏོག་ཅིག་ལས་ཁ་སང་མངོན་པར་བྱས།།

སྡུག་བསྔལ་ནང་གི་དེ་ཉིད་བཞད་པ་དང་།།

བདེ་སྐྱིད་ཁྲོད་ནས་དེ་ཉིད་རྙིད་པར་བལྟས།།

 

དྭངས་གཙང་།

 

དྭངས་གཙང་ཞི་ལྷོད་ཉིད་ཀྱི་རང་མདངས་དེ།།

གང་ལས་མངོན་ཚུལ་ལ་ཡང་འདང་ཞིག་བརྒྱབ།།

གློ་བུར་ཁ་སང་དབུས་མཇལ་དེའི་ཁྲོད་ཀྱི།།

ཨ་མའི་གསུང་མོལ་རྣམས་ནི་ཡིད་ལ་འཁོར།།

སྨྲེང་བ་བཟོད་ཐབས་དཀའ་བས་ལག་པ་ཟུང་།།

ཐོད་པར་སྦྱར་ཏེ་ཡིད་ཙམ་སྡོད་དགོས་བྱུང་།།

2020/1/11

1579788778513471.jpg

མཚན་མོ།

 

མེ་ཏོག་ཕང་ཕུང་མཚན་མོའི་ཆར་སྒྲར་ཡིབ།།

དྲི་བསུང་རླུང་ལམ་སྐད་ཅིག་གཞན་དུ་བསྒྱུར།།

གླིང་གའི་ཕྱི་ལ་མཚན་མོའི་སྐར་འོད་ཕོག།

གཡེར་དྲིལ་འཇམ་སྙན་བདག་གི་རྣ་བར་ལྷུང་།།

མངོན་པ་མེད་པའི་ལྷ་མོ་དབྱངས་ཅན་མ།།

བདག་གིས་བྱེའུ་ཆུང་ཞིག་ལ་སྤྲུལ་བ་མཇལ།།

ཕྱོགས་འགྲུལ་མི་རྣམས་ཆ་མེད་ལམ་ཐོག་འཛོམས།།

ཆ་འཕྲིན་རེ་རེ་རྨི་ལམ་བརྒྱུད་ནས་བསྐུར།།

གང་སར་ཡིད་འོང་ཟླ་བ་ཤར་བའི་དུས།།

ཐུགས་ཀྱི་དབྱིངས་ལ་ངལ་བ་དག་པར་མཛོད།།

བདག་ནི་མི་ཕྱེད་རང་གི་སྙན་ཚིགས་ཀྱི།།

ཟབ་ཀློང་ཁོ་ནའི་ཆུ་སྒྲ་ཉན་པར་སྤྲོ།།

ཁྱེད་ནི་དེ་བཞིན་ཟླ་འོག་འཇམ་སྙན་དང་།།

དཀར་གསལ་ངོགས་ནས་ཁྲུས་ལ་རོལ་ཞུགས་དང་།།

2020/1/22

1579788779227862.jpg

ལམ་འགྲམ་དུ།

 

རྒྱང་རིང་ལ་ཟགས་པའི།།

ཆུ་ཐིགས་དེ་དྲན་དུས།།

དུས་ཚོད་དང་བཅས་པས།།

སྟོང་པ་ཞིག་བརྗོད་ཡོང་།།

ལྷ་ཁང་གི་སྒོ་མོར།།

ལོག་རྟོགས་ཀྱིས་མིན་ན།།

གཡེར་དྲིལ་ལ་འགྲན་པའི།།

དྭངས་གཙང་དེ་མི་འདུག།

རང་ཉིད་ཀྱི་གཟུགས་པོས།།

གྲིབ་མ་ཡང་བསྒུལ་བྱུང་།།

ལམ་འགྲམ་དུ་ཙོག་དུས།།

བྱེའུ་ཆུང་ཞིག་འཕྲད་པར།།

གཏམ་གླེང་ལ་མོལ་བས།།

བདེ་སྡུག་གི་སྣང་བ།།

དབང་མེད་དུ་གཡོས་བྱུང་།།

སྒྲོལ་མ་དང་ལྷ་མོ།།

རྨི་ལམ་དུ་མངོན་དུས།།

ཁ་སང་དང་འདྲ་བའི།།

མཛེས་བྱད་དེ་བོར་འདུག།

2020/1/22

1579788778961062.jpg

གདུང་སེམས།

 

བདག་གི་ངག་ནི་སྨྲེང་བས་འདར་ན་ཡང་།།

ལམ་འགྲམ་སྨུག་པས་གཡོག་ཚུལ་ཡིད་དུ་འོང་།།

གཞིས་དང་ལམ་དང་བཀོད་པ་མི་དྲན་པར།།

བདག་ནི་རྟེན་གྱི་སྣང་བ་ཁོ་ནར་ཆགས།།

ནམ་ཞིག་བྱ་ཕོའི་སྐད་སྒྲ་ཡོལ་བ་དང་།།།

རྟོག་བཏགས་སྣང་བའི་གཟུགས་ཀྱང་བརྗེད་ཡོད་ངེས།།

དུས་མཇུག་རོལ་མོའི་དབྱངས་རྟ་བརྗེ་ཐེངས་རེར།།།

ཁང་ཁྱིམ་ཕྱི་ཡི་སྐར་ཚོགས་སྔར་བཞིན་བཀྲ།།

ནམ་ཞིག་དབེན་འཇགས་ཁོ་ནས་གཟིམས་དུས་ཀྱང་།།

ལག་པས་ཁྱོད་གདོང་དབྱི་བར་མོས་པའི་བདག།

 

རླུང་ཡོལ་ཞིག

 

དུས་མཇུག་ཆང་སྐལ་གདུང་བའི་གཞས་ལ་ཐིམ།།

ངག་འགྲོས་གཞན་དུ་མཚན་མོའི་རླུང་སྒྲ་འཁོར།།

དེ་རུ་མེ་ཏོག་བཞད་དུས་སྟོན་མཇུག་ཅིག།

སྙིམ་པར་ལྷུང་བའི་ཟླ་བ་ཁྱེད་སར་ཕྱོགས།།

དགྱེས་བཞིན་གཡང་ཊིའི་བུམ་ཆུང་འདེགས་པའི་ཚེ།།

ཕྱག་སོར་པད་མོའི་མཉེན་ལྕུག་ཡིད་དུ་འོང་།།

གསོལ་ཅོག་པད་གདན་མཛེས་པའི་ཤར་ཕྱོགས་ཁྱིམ།།

དང་མ་ལྷ་ཡི་དབང་པོའི་ཕོ་བྲང་ལྟར།།

མཚན་ཁྲོད་རླུང་བུའི་དེ་རུ་གཟན་པར་དོགས།།

ལག་གཉིས་མཐོན་པོས་རླུང་ཡོལ་འགྱོགས་པར་བྲེལ།།

དུས་ཀྱི་ལྗོན་པའི་ཁ་བ་སླར་ཡང་ཞི།།

སྐྱེ་འཆིའི་མེ་ཏོག་འདབ་མ་ཉིན་བཞིན་བརྗེས།།

2020/1/11

1579788778339847.jpg

ཐོར་བུ་བཏུས་པ་སྙིམ་པའི་མེ་ཏོག

 

ལམ་ཚིགས།

 

མཚན་མོའི་རྒྱ་ལྕང་གྲིབ་བསིལ་འོག་ཏུ་གཟིམས།།

རྒྱང་བགྲོད་མེ་འཁོར་དུང་བརྡ་སྒྲོག་བཞིན་བསྐྱོད།།

ལམ་ཚིགས་གང་དུ་སླེབས་སམ་ཆ་མ་ཆོད།།

ཕྱོགས་འགྲུལ་མི་རྣམས་རང་རང་དམིགས་སར་བསྙེགས།།

 

ཁྱེད་ཀྱི་སྨོན་སྐལ།

 

རྟག་ཏུ་བརྗོད་མེད་སེམས་ཀྱི་ནམ་མཁའ་ལ།།

ཁྱེད་ཀྱི་དྭངས་གཙང་ཉིད་ཀྱི་མཛེས་པ་འཁོར།།

ཕྱག་ཟུང་འདར་གྱིན་ཚེ་ཡི་ལམ་བུ་འདི།།

ཁ་དྲོ་ཡོང་བ་ཤོག་ཅེས་གསུངས་པ་དྲན།།

 

དབུས་ལམ།

 

མཁའ་འགྲུལ་གཤོག་པས་རླུང་ལམ་བཅད་ཐེངས་རེར།།

མདོ་དབུས་རིང་མོ་སྐད་ཅིག་སྣང་བར་གྱུར།།

ཇོ་ཇོ་ནོར་བུ་བཞུགས་སའི་གཙུག་ལག་ཁང་།།

ཕྱོགས་བཞིའི་བསང་ཆེན་ཀློང་ན་སྔོན་བཞིན་མཛེས།།

 

གངས་ཁྲོད།

 

ཨེ་མ་བདག་ནི་ཤར་ཕྱོགས་གངས་ཁྲོད་ཀྱི།།

རླུང་གིས་བསྐྱོར་བའི་དྲིལ་ཆུང་སྐད་སྒྲར་ཆགས།།

དབེན་འཇགས་དེ་ལ་འཁོར་བའི་བྱེའུ་ཆུང་ཞིག།

ནམ་རྒྱུན་རང་གི་སྐད་འགྱུར་ཁོ་ནས་བཟི།།

 

ཨ་མ།

 

དབུ་ལྕང་དུང་གི་ལན་བུ་མཇལ་དུས་རེར།།

བརྗོད་མེད་གདུང་ཡུས་ཁུར་བོ་བདག་ལ་ཆེ།།

བསོད་ནམས་ལས་ལ་སྨིན་པའི་ཞིང་མཆོག་ཁྱེད།།

ལོ་རེ་ཐེངས་རེ་འཕྲད་པར་རྟག་ཏུ་སྨོན།།

20201/10

1579788778810897.jpg

རྨི་ལམ་གྲིབ་མ།

 

རྨི་ལམ་ལ་ལོག་དུས།།

ཁྲུང་ཁྲུང་དེ་འཕུར་ཟིན།།

དུས་ཚིགས་ལ་ཐོན་དུས།།

ཁ་བ་ཡང་ཞི་ཟིན།།

རྨི་ལམ་གྱི་གྲིབ་མ།།

ཟླ་འོད་ལས་གསལ་འདུག།

དཔྱིད་ཀ་རེ་བརྒལ་རྗེས།།

དཔྱིད་ཀ་ཞིག་སླེབས་ཡོང་།།

འཇིག་རྟེན་གྱི་མེ་ཏོག།

འཇིག་རྟེན་ནས་གཟིམ་འགྲོ།

གཡེར་དྲིལ་ལ་སྨོན་པའི།།

རང་ཉིད་ཙམ་དྲན་འདོད།།

ནམ་གུང་གི་རླུང་སྒྲ།།

ཁང་ཤག་ལ་མ་ཤོང་།།

གཟིགས་མེད་ཀྱི་དུས་གསུམ།།

བརྙན་འཕྲིན་ལས་བསྟན་སོང་།།

2020/1/3

1579788779977195.jpg

མཐའ་ཐམས་ཅད།

 

མེ་ཏོག་དག་ནི་རླུང་ལམ་གྱི།།

དྲི་བསུང་ཕྱོགས་སུ་མངོན་པར་བརྩོན།།

སྐབས་རེ་གཞན་གྱི་ལྗོན་འདབས་སུ།།

ཁ་བ་བབས་པ་མཐོང་བར་བྲེལ།།

ལག་པས་རྡུལ་དག་དབྱི་ཕྱིར་ཏུ།།

སྐད་ཅིག་གཞན་གྱི་གྲིབ་མར་རེག།

ཐེ་ཚོམ་དང་བཅས་ཁྱི་གུ་དེས།།

བརྩེ་བའི་སྒྲུང་ཞིག་ལབ་མདོག་བྱེད།།

མི་རྣམས་ཀྱིས་ནི་རྒྱང་རིང་དང་།།

ལྐོག་གྱུར་ཚུལ་ལ་མཛེས་པར་ལྟ།།

2020/1/5

1579788778849527.jpg

དུས་ཚོད་ཀྱི་སྣང་སྟོང་།

 

སྐལ་བའི་ངལ་དུབ་བསྐལ་བའི་ཡུན་དུ་བསྲིང་།།

ལྟོས་བཅས་སྨོན་པའི་གདངས་ཤིག་འདྲེན་དགོས་བསམ། །

རི་ཁྲོད་དེ་ལ་ལོག་དུས་ལུས་སེམས་ཀྱི།།

དྲོད་ཚད་གཞན་དུ་གཏོགས་པ་གཞི་ནས་ཚོར།།

མེ་ལོང་དེ་ན་བཞུགས་པ་དབྱངས་ཅན་མ།།

ཞལ་མདངས་རེས་གསལ་རེས་མོག་མི་གནང་རོགས།།

ངག་འགྲོས་མི་གཅིག་རྟག་ཏུ་མི་གསུང་རོགས།།

བཅོས་མེད་གླུ་ཡི་གནམ་ས་སྟོན་པར་ཞུ།།

ཕྱོགས་མཐར་རླུང་བུ་རྒྱུ་བ་འཁོར་བའི་གཟུགས།

ཆུ་ཀློང་ཉི་མས་དྲོས་པ་བརྩེ་བའི་མདངས།།

མ་གཏོགས་མཐོང་བ་གཞན་ནི་མེད་པ་དེས།།

དཔེ་དང་དཔེ་ཡིས་བསྙད་པ་ཟློས་པར་དོགས།།

ཟབ་ཀློང་མེ་ཏོག་ཆེན་པོའི་སྐྱེད་ཚལ་ནས།།

ཕྱག་གི་བརྡ་འགྲེལ་གང་ཡིན་ངས་ཀྱང་བསླབ།།

ཐབས་མཁས་སྣང་བ་རྒྱས་པའི་ལྟད་མོ་དེར།།

དོན་མེད་ལས་ཀྱིས་ང་ཡང་འཁྲིད་པར་ཞུ།

སྣང་བའི་རྩེ་དགའ་ཟམ་མི་ཆད་པ་ལ།།

ངོས་འཛིན་གཞན་གྱིས་བརྟག་ན་རབ་ཏུ་སུན།།

ཕྱག་གི་པད་མ་གཡོ་བའི་ཉམས་དང་བཅས།།

མི་རྟོགས་མཛེས་པའི་ཉམས་དེ་སྟོན་པར་ཞུ།

མི་སྡུག་གནམ་ས་གཉིས་ལ་འདྲིས་དྲགས་པས།།

རང་གི་ལུས་ངག་ལ་ཡང་ཡིད་ཆད་སྐྱེས།།

འདི་ན་མེད་པ་དེ་ན་མངོན་གྱུར་བའི། །

ཕྱག་སོར་རྩེ་ཡི་སྤྲིན་ལ་རེག་པར་འདོད།

2020/1/2ཉིན་ཐོལ་བྱུང་དུ།

1579788779719866.jpg

ངོ་མཚར་གྱི་དཔེ་འགོད་པ།

 

ངོ་མཚར་རྒྱན་དུ་ངོ་མཚར་གླུ་ཡང་འབྲི།།

ངོ་མཚར་གཟུགས་ལ་ངོ་མཚར་དཔེ་ཡང་འགོད།།

ངོ་མཚར་མཐོང་བའི་ཡུལ་ལ་ངོ་མཚར་གྱི།།

ཚིག་རྒྱན་གཞན་གྱི་མཁར་གྱང་ང་ཡིས་བརྩིགས།།

འཕྲུལ་བའི་རི་དྭགས་བག་མེད་རྒྱུ་བ་མཐོང་།།

གཟུགས་མེད་རླུང་སྒྲ་ནམ་རེ་གྲག་པ་ཐོས།།

ཤེལ་གྱི་རབ་གསལ་དཀར་པོའི་ཕར་ནང་གི།

ཟླ་འོད་དེ་ནི་སྣང་ཚུལ་འབུམ་གྱིས་མཐོང་།།

མཐོང་སྣེ་གཅིག་ནི་དབྱངས་ཅན་ཕྱག་ཟུང་གིས།།

པད་མའི་མཉེན་འབྲུ་བཏོག་པར་མཛད་པ་དང་།།

མཐོང་སྣེ་གཅིག་ནི་སྒྲོལ་མས་ཐབ་ཚང་ནང་།།

བརྩེ་བའི་མེ་དྲོད་གསོ་བའི་རྣམ་པ་འོ།།

རང་གི་སྟོན་པར་ཕྱག་འཚལ་བ།

སྟོན་པ་འོད་དཔག་མེད་ལ་ཕྱལ་འཚལ་ལོ།།

འོད་དཔག་མེད་པ་དེ་ལ་ཕྱག་འཚལ་ལོ།།

འདྲེན་པ་ཁྱོད་ནི་སྤྱན་གྱི་ཉི་ཟླ་ཟུང་།།

སྙིང་རྗེས་དབང་གིས་གཟིགས་ལ་ཕྱག་འཚལ་ལོ།།

ལམ་གྱི་ཐོག་རིང་ངལ་དུབ་ཅི་འདྲ་འདུག།

འདྲེན་པ་ཁྱོད་ལ་ཕྱག་ནི་ག་ཚོད་འདུག།

མཐོང་སྣེ་མང་པོ་ཇི་ལྟར་འགྱུར་ན་ཡང་།།

མི་འགྱུར་ལས་ཀྱིས་ཁྱོད་ལ་ཕྱག་འཚལ་ལོ།།

2019/12/31

1579788779224407.jpg

དབྱངས་ཅན།

 

འཁོར་འདས་གཡས་གྲལ་ལ་བསྡད་པ།།

ལྟད་མོ་དེ་ག་རང་ཆེ་བཞག།

གོམ་གསུམ་རླུང་ཁྲོད་ནས་སྤོས་པ།།

བྱ་རྡོ་ལམ་འཕྲད་ལས་མི་འདུག།

རྟེན་འབྲེལ་གཟན་ལྟེབ་ཀྱི་རླུང་བུ།།

ཡ་ཡོ་གང་དང་ཡང་མ་འདྲེས།།

ཨེ་མ་གླུ་མཁན་དེའི་མགྲིན་པ།།

འཁོར་འདས་མཉམ་ཉིད་ལ་བྲེལ་འདུག

གཟིགས་པ་སྟོང་ལྡན་གྱི་སྤྱན་དེ།།

ངེད་ལ་ཕྱོགས་ཐབས་རང་མེད་ལ།།

བདེ་ཆེན་ཟུར་མིག་གི་ཆང་དེ།།

ཕབ་རྩི་མེད་ན་ཡང་འགྲིག་པ།།

ལམ་པོ་ཁེར་བགྲོད་ཀྱི་སྣང་བ།།

རྟོག་མེད་རླུང་ཐག་གིས་བསྡམ་ཆོག།

བལྟས་ན་མེ་ལོང་དེ་འགྱུར་འགྲོ།།

བྲིས་ན་སྣང་བ་ཁོ་འགྱུར་འགྲོ།།

མི་འགྱུར་དཀར་ནག་གི་ངོ་དེ།།

ངོས་ཟིན་ཐིག་པོ་རང་དཀའ་མོད།།

དབྱངས་ཅན་ཟོལ་མེད་ཀྱི་གླུ་ནི།།

ངོས་ཟིན་ཐིག་ཐིག་ཅིག་ཡོང་བ།།

ཞལ་ཆེམས་རླུང་བསྐུར་ལ་ཉན་པ།།

དབེན་སིམ་རི་སུལ་ནས་སྡོད་པ།།

ལམ་རྒྱགས་ཆེ་བོ་རང་མི་དགོས།།

ལག་པའི་སྙོབ་ཚོད་དེས་འགྲིག་ཀྱང་།།

དབྱངས་ཅན་ཕྱག་མཐིལ་གྱི་མེ་ཏོག།

ད་ལྟ་ག་འདྲ་ཞིག་ཡིན་ནམ།།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།