ཇེང་གི་སྙན་ངག་ཚན་པ་འགའ།

ཆང་མྱོས་པའི་ལྦུ་བ།

དུས་བཞི་ནམ་ཟླའི་འགྱུར་བ་ལྡང་དྲགས་པས།།

ཚོར་བའི་ལབ་རྩེ་རླུང་བུ་གམ་དུ་འཕྱོ།།

སྟོན་མཇུག་ལྷགས་ངར་གྲང་བའི་ངང་ཚུལ་འདི།།

ཕྱིར་དྲན་ན་ཟུག་སྟོང་གི་གཙང་བོ་ཡིན།།

ང་ཡི་རྟོག་པའི་རྟ་ཁྱུ་དེད་ཙ་ན།།

ས་ཐག་རིང་དུ་འདྲོགས་པའི་སྣང་ཚུལ་ལོ།།

རྨི་ལམ་གཤོག་པ་བོར་བའི་ཞལ་རས་དེ།།

གྱེས་ཁའི་ལག་བརྡ་མཚམས་ཀྱི་མིག་ཆུ་ཡིན།།

གློ་རྡེག་སེམས་ཀྱི་རི་མོ་ཁངས་སྐྱ་འཚུབ།།

བྱེའུ་ཆུང་ཡལ་ག་རྩེ་ནས་གདུང་བས་འབོད།།

ཞེ་ལ་བརླན་པའི་གཏམ་རྒྱུད་རང་སར་དེངས།།

སྨྲ་བ་མེད་པར་རྒུན་ཆང་ཕོར་བས་བཏེགས།།

སྡུག་ཟོལ་ཡིད་ཀྱི་ཚོར་བའི་མེ་ལྕེ་མཆེད།།

མི་རྟག་སྐྱེ་འཆི་མོད་པའི་རོལ་དབྱངས་དེ།།

འཁོར་བའི་ཀོ་གྲུ་གཏོང་བའི་ཞེན་ཆགས་ཡིན།།

སྒེའུ་ཁུང་ངོགས་ཀྱི་ཟླ་བ་ཁེར་རྐྱང་ངུ་།།

མཛའ་གཞས་དེ་གའི་མཚན་ལམ་རིང་མོ་ཕུད།།

འཕྲིན་པ་མེ་ཏོག་འཐོར་བ་དྲན་པའི་གཏིང་།།

སྨྲེང་བས་སྦྲང་ཆར་ཟིལ་མ་ཉིན་མཚན་བྱོ།།

འདས་དོན་དབྱངས་ལ་དཔྱངས་བའི་དྲན་པ་དེ།།

ཆག་གྲུམ་མེ་ལོང་གས་པའི་ཆོ་འཕྲུལ་ཡིན།།

2019 1 19

 ངག་སྒྲོས་ཀྱི་མཚན་མོ།

ལས་སྨོན་བསོད་ནམས་ཀྱི་མེ་ཏོག།

འཁོར་བའི་མཚོ་ངོགས་སུ་འཁྲུངས་ཏེ།།

འཇོལ་མོའི་གཞོན་སེམས་ཀྱི་ལང་ཚོ།།

སྣང་བ་དགུང་སྔོན་གྱི་སྤྲིན་དཀར།།

མཛེས་སྡུག་ནགས་ཀློང་གི་རི་དྭགས།།

ཁྱོད་ཀྱི་གྲིབ་གཟུགས་ཀྱི་ལྡེབས་རིས།།

སེམས་ལྗོངས་གྲིབ་བསིལ་གྱི་ལོ་མ།།

དུས་ཀྱི་འཛུམ་པ་དེ་བཞད་ཤག།

ཡིད་འོང་མིག་ཟུང་དེ་ཕྱོགས་ས།།

འཚོ་བའི་ཀོ་གྲུ་ཡི་ཕར་ངོགས།།

དྲན་སྙིང་རྨི་ལམ་གྱི་གྲོང་ཁྱེར།།

ལས་བྲིས་ཡིད་གཞུང་གི་རི་མོ།།

དྲན་པ་མཚོ་ཁ་དེར་རྩེན་པའི།།

བདག་གི་རྟ་ཕོ་དེ་ཡིན་ཤག།

2019  11  7

 ལས་ཀྱི་དབར་ཐག

སེམས་ལ་ཆགས་པའི་སྨྲ་བརྗོད་ཅི་རེད།།

མིག་ལ་མཛེས་པ་རི་མོ་གང་རེད།།

མིག་ཟུང་གཡོ་བའི་དབྱར་གྱི་མེ་ཏོག།

སྤང་ལྗོངས་ཁུད་ཀྱི་ལྗང་མདོག་རི་མོ།།

ཁྱོད་ཀྱི་གམ་གྱི་སེར་ཆེན་རྒུམ་ཚེ།།

སེམས་པ་སྒུལ་བའི་ཡིད་འོང་དེ་ག།

ལས་ཀྱི་སྐལ་བའི་འདབ་མ་ཡིན་ཤག།


རི་སུལ་ནགས་ཀྱི་ཁུ་བྱུག་གྲགས་དུས།།

དབྱངས་ལ་ཆགས་པའི་གཡེར་དྲིལ་སྙན་པ།།

དཔྱིད་ཀྱི་ལྗོངས་སུ་གསུང་དབྱངས་མཆེད་ནས།།

ཚོར་བའི་རྟོག་འགྱུ་གར་ལ་རྩེན་པའི།།

འཆར་ཡན་ནང་གི་སྙན་འཇེབས་རོལ་བ།།

མིག་མདུན་གམ་གྱི་ལག་འཇུ་དེ་ཀོ།

དྲན་པ་བརླན་པའི་གཙང་བོ་ཡིན་འདྲ།།


ཞེན་ཆགས་ཁུད་ཀྱི་རི་གྲོང་ཚལ་དུ།།

ང་ཡི་མཐོང་སྣང་སེམས་ཀྱི་ལྷ་མོ།།

བརྩེ་བ་རི་མོའི་གཟུགས་སུ་བྲིས་པའི།།

ལས་ཀྱི་མཚེར་ས་མཚོ་ཆུང་ཁ་ལ།།

སྐྱེ་མཆེད་མེ་ཏོག་ཞེ་ལ་བཏབ་ནས།།

སྣང་བའི་གར་གྱི་ཁྱོད་ཉིད་འཛུམ་པ།།

ཡིད་ལ་བསྙལ་བའི་སྙན་ཚིག་ཡིན་ཤག།

 2019  6  3

 ཡིད་གཞུང་གི་མེ་ཏོག

མེ་ཏོག་ཞལ་གྱི་ཐང་ལ།།

སེམས་ཀྱི་རི་མོ་འཁྱུག་ཡོད།།

ལེགས་བྲིས་སྙིང་ཐུབ་མེ་ཏོག།

འཚོ་བའི་དྲོད་ཅིག་ཡིན་པ།།

ཁྲེལ་གཞུང་ཁུད་ན་སྙལ་བའི།།

ཡིད་ཀྱི་རྨི་ལམ་དེ་ཡིན།།


ཚེ་ཐོད་ལས་ཀྱི་སྒང་ལ།།

སྐྱིད་སྡུག་མི་ཚེའི་སྐ་རགས།།

རླུང་བུ་སྤྲིན་གྱི་ཡོ་ལང་།།

ལན་ཆགས་མཆི་མ་དེ་འང་།།

གདོང་ལ་ཇི་ཙམ་འགྲིལ་ཡང་།།

སྨྲེང་བས་སྐྱོ་ངལ་སེལ་ཆོག །


གྲིབ་མ་གྲིབ་མས་ངོས་སུ།།

ཉི་མས་བསིལ་དྲོད་ཡིན་ཙང་།།

འཆར་ནུབ་བར་མཚམས་ཤིག་ལ།།

ཉི་ཐིག་རིང་དུ་འཐེན་པ།།

འོད་ཀྱི་ཉི་ཟླའི་སྤྱན་ལ།།

དྲན་པ་མཚོ་ལ་ལྷུང་ཡོད།།


ཁྱོད་གཤིས་གསེར་གྱི་རི་ལ།།

འཛུམ་གྱི་མདངས་དེ་ཆགས་ཡོད།།

སེམས་ཀྱི་བདུད་རྩི་ཡིན་པ།།

གཏན་དུ་བཞེས་རྒྱུ་བྱུང་ན།།

རེ་སྒུག་ཐོད་ལ་སྦྱར་བའི།།

དྲན་པའི་མིག་ཟུང་དེ་ཡིན།།


ལས་ལ་ལམ་ཞིག་ཡོད་ན།།

གཞིས་ལ་དྲོད་ཅིག་སྩོལ་ཤོག །

ཞིང་ལ་བཏབ་པའི་ལོ་མ།།

སེམས་ཀྱི་ལྗོན་ལ་སྨིན་པ།།

ཡིད་གཞུང་འཁོར་བའི་ཚལ་དུ།།

གཏན་འདུན་མུ་ཏིག་སྦས་ཡོད།།

2019 11 17

སྨུག་པ།

འཇའ་ཡི་ངང་ཚུལ་བསླེས་པའི་འཕགས་མ་ཞིག།

ནམ་མཁའི་ཁ་དོག་མ་མཐོང་ཕག་ལ་ཡིབས།།

སྤྲིན་པ་ལང་ལོང་བསྒྲིབས་ནས་རྨི་ལམ་གཏོར།།

ཞེ་ལ་སྨུག་པ་བཏབ་ནས་ཡིད་ཁོང་འཁྱགས། །

སྣང་བ་ས་སྲོད་སྒང་ནས་རབ་རིབ་ཅིག།

སེམས་གཞིས་རྟོག་འགྱུ་པ་ཏྲའི་རི་མོ་འདྲ།།

ལས་ཀྱི་ཆར་བ་གཙང་བོའི་ཁུད་ན་འདྲེས།།

ཚེ་ཡི་ཟེགས་མ་རྒྱ་མཚོའི་ངོགས་ན་འཐིམས།།

སྐབས་རེར་ལས་འཕྲོའི་མུ་ཏིག་ཡིད་ཐང་ཆད།།

ཡིད་ལ་ན་ཟུག་གཙེས་ཏེ་རྒྱང་དུ་གྱེས།།

2018 6 24

མཚོ་དང་སྙན་ངག

ང་ནི་སྟོན་ཁའི་སྡོང་བོའི་འདབ་ཀྱི་བསིལ་རླུང་གསེབ་ཀྱི་ལོ་མ་ཞིག ། 

འཛུམ་འཛུམ་མདངས་ཀྱི་འཚོ་བ་བྲིས་པའི་གནམ་སའི་ཁྱམས་ཀྱི་ལྟད་མོ་ཡིན།།

ང་ནི་གངས་དང་འཁྱག་གི་ཁྲོད་ཀྱི་གཙང་བོའི་ནང་གི་གསེར་ཉ་ཞིག།

བདག་གི་དབྱར་ཁའི་ནམ་ཟླ་རིང་མོ་འཚོལ་གྱིན་འཚོལ་གྱིན་རིང་དུ་ཕྱིན། །

ང་ནི་ཁྱོད་ཀྱི་མཆུ་སྒྲོས་མཛེས་པའི་སྐྲ་ལོའི་ཁ་དོག་དབྱངས་ལ་ཆགས། །

འུ་གཉིས་སྣང་བའི་འཇིག་རྟེན་ནང་གི་སྙན་ངག་དམ་དུམ་མཚོ་ལ་ཟགས། །

༢༠༢༠  ༡  ༤


微信图片_20200108103803.jpg

{ ཇེང་ནི་ལོ་རབས་དགུ་བཅུ་བའི་ནང་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་འབྲོག་ཐང་དུ་སྐྱེས། སློབ་སྦྱོང་གི་ཞོར་དུ་གསར་རྩོམ་གྱི་ལམ་ཁར་བརྩོན་མུས་སུ་མཆིས།    གངས་རྒྱན་མེ་ཏོག   ནང་ཆེན་དུས་དེབ།   ཁམས་པའི་ཚགས་པར།  སློབ་ཆེན་སློབ་མའི་སྙན་ངག་ཆེད་བཀོད་སྣང་བའི་ཕོ་བྲང་།  ཚ་འདམ་བོད་ཡིག་དྲ་བ།   རྔ་བའི་ཚགས་པར།  ཞག་སྒྲོན་ལོ་དེབ།  གཏེར་ལུང་ན་གཞོན་ཚགས་པར།   གཞིས་རྩེའི་ཚགས་པར།   སེམས་ཀྱི་རྒྱུད་སྐུད་འདར་བའི་དབྱངས་རྟ་སོཊ་དེ་མིན་དུས་དེབ་ཚགས་དེབ་སྤྱི་སྒེར་གྱི་དྲ་ཚིགས་སོགས་སུ་སྙན་ངག་རེ་ཟུང་བཀོད་མོས་སུ་མཆིས།     ༢༠༡༩ ལོར་གྲོགས་འགའ་ལྷན་དུ་༼ཚིག་གི་ཁྱོར༽་ཞེས་པའི་སྙན་དེབ་ཅིག་ཀློག་པ་པོ་ཡོངས་ལ་ཕུལ་ཟིན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།