ཀྲུང་གོ་བོད་ཀྱི་དྲ་བ།

{བདག་གི་རྟ་ཕོ་}དང་འཆར་སྣང་གཞན་ཞིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་ཚ་འཇོམས།(མགོ་ལོག)   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོ་རྩ་ཁམ་གང་མི་ཟ་བར།

མགོ་བོ་མཐོ་མཐོ་བྱས་ཏེ་རྒྱང་རིང་ལ་བལྟས།

སྐབས་དང་སྐབས་སུ།

རི་སྒང་གི་ཉག་ག་ནས་མཚེར་སྐད་སྒྲོག་གིན།

ཁ་ཕྱིར་འཁོར་ནས་རང་གི་རྨིག་རྗེས་དང་གྲིབ་གཟུགས་ལ་བལྟས་ཏེ།

མགོ་ཐོག་ན་རང་དབང་གིས་འཁོར་བའི་བྱ་ཁྱུ་དང་མཉམ་དུ་ཡུལ་ལ་ལོག་གྲབས་བྱས།


རྒྱུག་དང་གོམ་པས་སྨྱོས་པའི་རྟ་ཕོ།

གནས་དེའི་མཐོ་སར་བུད་ནས་རང་ཉིད་མཚར་སའི་རྒྱང་རིང་ལ་བལྟས།

མ་གཞིར།   ཁྱོད་ཀྱིས་བཤད་པ་བཞིན་རྒྱང་རིང་ནི་ཁོའི་ཕ་ཡུལ་ཡིན་འདུག

བརྩེ་གདུང་གི་སྙན་ངག་དེ་དག་ཨ་ཕའི་རྟ་ཕོ་དང་མཉམ་དུ་རང་ཁྱིམ་དུ་ལོག

ཁོས་གྲོང་ཁྱེར་གྱི་ནང་མ་ཁང་ཞིག་ཏུ་རྟོག་བཏགས་ཀྱི་གཞས་ཤིག་བཏང་།


འབྲོག་པ་གྲོང་ཁྱེར་དུ་ཕྱིན།

རྟ་ཕོ་ཁེར་རྐྱང་དུ་ལུས།

ཨ་ཕ་གཞན་ཡུལ་དུ་སོང་རྗེས།

གྲོང་ཁྱེར་ན་རྟ་ཕོའི་ལས་དབང་ལ་སེམས་ཁུར་གནང་མཁན་ཁྱོད་གཅིག་པུ་ཡིན་ནམ།


ཟླ་འོད་གསལ་བའི་མཚན་མོ་འདིར།

སྟོན་ཁ་ཅི་བཞིན་ནང་སེམས་ཤིན་ཏུ་གཅོང་ནའང་།

ཁྱེད་ཀྱི་རྟ་ཕོའི་རྔོག་དང་མགོ་རྔ་ཀུན་ལ་ཞིབ་གྱིས་ལྟ་བཞིན་ཡོད།

གཉིད་མ་ཁུགས་པ་མིན་པར།

འཚོ་བ་དང་བར་ཐག་ཉེ་བའི་ཞེ་གཅོང་གི་ཐ་སྙད་དེ་དག་གིས་ང་ལ་རྒྱང་རིང་གི་བདེ་སྐྱིད་དང་སྡུག་བསྔལ་མཐོང་དུ་བཅུག


རབ་རིབ་དང་ལྗན་ལྗིན་གྱི་བར་གསེང་ནས།

ཁྱེད་ཀྱིས་རྟ་ཕོའི་དག་གཙང་གི་ཤེས་པ་མཐོང་ཐུབ་བམ།

འུ་ཟིང་གི་གྲོང་ཁྱེར་ནས་འཕྲུལ་འཁོར་གྱི་ཆོམ་སྒྲ་ལས།

མཐའ་མེད་ཀྱི་ནམ་མཁའི་མཐོངས་ན།

དངུལ་སྒ་དངུལ་སྲབ་དང་གྱེས་པའི་རང་དབང་གི་རྟ་ཕོའི་མཚེར་སྐད་ཐོས་སམ།


ཝེ།    ང་ཡི་སྙན་ངག་པ།

10.23ཉིན་སྦྱར།


གངས་ཚ་འཇོམས། མིང་དངོས་ལ་སྐལ་བཟང་འཇིགས་མེད། 1997ལོར་མགོ་ལོག་གཉན་སྐོར་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སློབ་ཆུང་བཏོན་རྗེས་གྲྭ་བ་བྱས་ཏེ་རང་དགོན་དང་རེབ་གོང་རོང་བོ་དགོན་ཆེན་སོགས་སུ་སློབ་གཉེར་བྱས། 2015ལོར་གསར་རྩོམ་གྱི་ལས་ཀར་ཞུགས་ནས་ད་ལྟའི་བར་སྙན་ངག་ཡིན་ནོ་ལོ་སྙམ་པ་རེ་བྲིས་ཤིང་སྙན་ངག་འགའ་རེ་ཁམས་ཀྱི་སྒྱུ་རྩལ་ལོ་དེབ《ནང་ཆེན》དང《ཤྭ་སྐྱ》《རི་བོ་ཉི་ཟླ》《འོད་ཐིག》《དྭངས་གཙང་གི་དགོད་སྒྲ》《རིག་མཛོད》《ཕུགས་བསམ》《ཁམས་པའི་ཚགས་པར》《རྔ་བའི་གསར་འགྱུར་ཚགས་པར》གཙོའི་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་དྲ་བ་ཁ་ཤས་སུ་སྤེལ་མྱོང་། སྙན་ངག་དང་ལྷུག་རྩོམ་འགའ་ལ་2017ལོའི་སྲང་ལམ་སྙན་རྩོམ་འགྲན་བསྡུར་ཁྲོད“སྲང་ལམ་མཚན་སྙན་བྱ་དགའ”དང་དཀར་མཛེས་བོད་ཡིག་ཚགས་པར་ཁང་གིས་སྤེལ་བའི་ལྷུག་རྩོམ་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།