ཀྲུང་གོ་བོད་ཀྱི་དྲ་བ།

ས་དམར་གྲགས་པའི་ཚིགས་བཅད་སྙན་ངག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ས་དམར་གྲགས་པ།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20191204153435.jpg

གྲགས་པ་རྒྱ་མཚོའམ་ས་དམར་གྲགས་པ། ཡང་ན་གཡག་རྭ།  ལོ་རབས་བརྒྱད་ཅུའི་ནང་མདོ་སྨད་ཅོ་ནེ་ས་དམར་དུ་སྐྱེས། ཆུང་དུས་སུ་གྲྭ་བ་བྱས་ཤིང་རྗེས་སུ་བོད་ལྗོངས་དང་པེ་ཅིང་སོགས་སུ་སློབ་སྦྱོང་བྱས། ད་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་བསྒྱུར་རྩོམ། གཞས་ཚིག ལྷུག་རྩོམ།བརྩམས་སྒྲུང་སོགས་རྩོམ་ལུས་མི་འདྲ་བ་དུ་མ་བཀོད། སྔ་རྗེས་སུ་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་། རྒྱལ་ཡོངས་སྐབས་དང་པོའི་བོད་རྒྱ་སྐད་གཉིས་ཀྱི་ཐུ་བྷོད་སྙན་ངག་མཁན་པོའི་མཚན་སྙན་བྱ་དགའ་སོགས་ཐོབ། དེ་བཞིན་ལྷུག་རྩོམ་སྙན་ངག་དེབ《སེམས་ཚེགས》དང་སྙན་ངག་དེབ《རྨི་ལམ་ནང་གི་འོད་ཁང》《གཡོས་ཁང་གི་མདོ》 རྒྱ་ཡིག་གི་སྙན་ངག་དེབ《འོད་ཀྱི་སྒྲོག་གུ》སོགས་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་ཨིན་ཡིག་དང་ཧྥ་རན་སེའི་ཡི་གེ།  ཁོ་རེ་ཡའི་ཡི་གེ།  ཉི་ཧོང་གི་ཡི་གེའི་རིགས་སུ་བསྒྱུར་ཡོད།


    

     གཙང་བོ་ངག་ནས་བབས་པའི་མགུར།


དྲན་ན་གཙང་བོ་འདྲ་ལེ།།

རེག་ན་སྤྲིན་པ་འདྲ་ལེ།།

འོད་ཀྱི་སྒམ་ཆུང་སྔོན་པོ།།

སྣང་བའི་སྒོ་ཁར་བཟེད་ཡོད། །

2019.10.9ཉིན་པེ་ཅིང་དུ།


  

          འཕྱོངས་རྒྱས།


ཉིན་གྱི་གྱང་ཆག་མཐོན་པོ། །

མཚན་ལ་མེ་ཞགས་འཕྱོ་འདྲ། །

མ་འཇིག་རི་ན་ལུས་པ། །

འཕྱོངས་རྒྱས་འཕྱིང་བ་སྟག་རྩེ། །


རྣམ་ཤེས་ངག་ནས་བཤངས་ཏེ། །

བརྩེ་བ་མགུར་ལ་བརྒྱུས་ཡོད། །

རུས་པའི་གསེར་མཁར་མཐོན་པོ། །

བཙན་པོའི་བང་སོ་ལྗིད་པ། །


གཞས་ཆུང་ངག་ནས་བཞུར་བ། །

བཏུངས་པའི་ཆང་དེ་འདྲ་ལེ། །

ཞིམ་དང་མི་ཞིམ་མ་འདྲི། །

ཆང་ཁྱིམ་བུ་མོའི་ཆང་རེད། །


སེམས་སོང་ངག་ནས་ཤོར་བ། །

ཆུ་ལས་ཉི་འོད་འཛིན་འདྲ། །

དམ་ཚིག་གཙང་མ་ཡིན་མིན། །

ཚེ་ལ་མདུད་པ་བརྒྱབས་ཡོད། །



        རྒ་བ་སྣང་བར་དྲངས་པའི་མགུར།


དབྱར་ཟླ་དྲུག་པ་སེམས་ཀྱི་སྨུག་པ་འདྲ། །

རི་བོའི་རྩེ་ནས་ག་ལེར་མར་མར་འབབ། །

ང་ཡང་རྒྱ་མཚོ་ཆེན་པོའི་རླངས་པ་བཞིན། །

མི་རྟག་འཁོར་བའི་ནང་ནས་ཡལ་བཞིན་གདའ། །

འདི་ནས་ཕར་ལ་རྩིས་པའི་ལོ་བཅུའི་སྔོན། །

ང་ཡང་རྒྱ་མཚོ་ཆེན་པོའི་རླབས་ཕྲེང་ལྟར། །

སྐད་ཅིག་སྐད་ཅིག་ཙམ་གྱིས་རྒྱུགས་ཀྱང་མཆོང་། །

མཁའ་ལ་ལྡིང་བའི་བྱ་རྒྱལ་རྒོད་པོ་བཞིན། །

རླུང་དང་འགྲོགས་ཏེ་གང་སར་འཕུར་ནས་སོང་། །

ད་ནི་ང་ཡི་ལུས་ཀྱི་ལྕགས་རི་འདི། །

འཆི་བའི་ལྡུམ་རའི་ནང་དུ་བཏབས་པ་འདྲ། །

སྣང་བ་རྒོད་པོ་རི་ཡི་རྦབ་རྡོ་བཞིན། །

མར་ནས་མར་ལ་རྒྱུགས་པའི་ཤུགས་ཚད་ཆེ། །

མཚམས་རེར་དགའ་ལ་མཚམས་རེར་གཏིང་ནས་སྐྱོ། །

རང་གཞན་གང་ལ་ལྟ་བའི་མིག་ཕྲ་ཞིང་། །

དྲན་པ་གང་དེ་གློ་བུར་བརྗེད་འགྲོ་བ། །

དམིགས་པ་གང་དེ་དེ་བཞིན་འགྱུར་འགྲོ་བ། །

ལ་སོགས་མཐོང་སྣེ་མང་པོའི་སྔ་ལྟས་ཀྱིས། །

ང་ཆེ་ང་ཡོད་ཉམས་པའི་སྣང་བ་དག །

མཚན་མོའི་ཆར་བའི་ཁྲོད་ཀྱི་མེ་ཏོག་བཞིན། །

ཞག་རེ་བཞིན་དུ་ཉུང་ནས་ཉུང་དུ་ན། །

ང་རྒྱལ་ནུབ་པའི་རྒ་བ་དབང་ཆེན་འདི། །

དྲན་པ་གྱང་ཆག་སྐམ་པོའི་བར་གསེང་ནས། །

བཏུས་ཏེ་ཚིགས་སུ་བཅད་པ་འདི་ཙམ་ཡང་། །

དགེ་བའི་ས་བོན་ཙམ་དུ་བསྔོ་བའོ། །

2019.7.30ཉིན་དབུས་སུ་གྲུབ།


          ལས་སྨོན་ལ་བཏབ་པའི་མགུར།


གངས་ཀྱི་མེ་ཏོག་འོད་ཀྱིས་གྲུབ་པའི་སྐུ། །

སེམས་ཀྱི་དགའ་སྐྱོ་རླུང་དུ་སྤྲུལ་བའི་གསུང་། །

མཐའ་མེད་འཁོར་བའི་མུན་པ་སེལ་བའི་ཐུགས། །

རྒྱ་མཚོ་ཆེན་པོའི་སྲས་མོར་གུས་པས་འདུད། །

གང་ཞིག་རྒྱང་ལ་ཆས་པའི་རྒྱབ་གཟུགས་ཀྱིས། །

ང་ཡི་ནང་སེམས་ཧྲིལ་བོ་སྨྲེང་བས་བཟི། །

ཡ་གིའི་གངས་དང་མ་གིའི་མཚོ་མོ་ཡང་། །

སྐད་ཅིག་སྐད་ཅིག་ཉིད་ལ་བསུབས་དང་མཚུངས། །

དེ་ན་འཁོར་བ་ཟེར་བའི་སྒེའུ་ཁུང་ལས། །

དགེ་ཚོགས་མཐའ་དག་ཁྱོད་ལ་ཡིད་ཀྱིས་འབུལ། །

འདི་ཡིས་ག་ཙམ་ཕན་ན་དེ་ལྟར་བསྔོ། །

ང་ཡི་བྲང་གི་དཀྱིལ་དུ་རི་བོ་ཞིག །

རི་བོ་དེ་ཡང་འཁྱག་པའི་དཀྱིལ་འཁོར་ཞིག །

དགའ་བས་བཞུས་ཀྱང་སྐྱོ་བས་གསལ་དུ་འགྲོ། །

དེ་ཡི་ནང་དུ་མེ་ཏོག་ནག་པོ་ཞིག །

མེ་ཏོག་དེ་ནི་སེམས་ལྡན་ང་ཡིན་ནོ། །

ང་ཡིས་འོད་ཟེར་མཐོང་ཡང་ཤིན་ཏུ་གྲང་། །

ང་རང་མཚན་མོར་དགའ་སྟེ་ཧ་ཅང་ཞེད། །

གནམ་ས་དགུ་སྒྲིལ་བྱས་པའི་སྡེ་མཐའ་ནས། །

ཁྱོད་ཀྱི་སྨྲ་བ་འགག་སྟེ་ངུ་མ་ཕོད།།

ང་ཡི་མིག་ཆུ་སྐམ་ནས་སྙིང་ཆུང་གས། །

ཞིབ་ཏུ་བསམ་ན་རྒྱང་རིང་ཟེར་བ་དེ། །

རུས་ལ་བཏབ་པའི་ཚིག་གི་མདུད་པ་ཞིག །

ཤ་རུས་ཨ་ཐང་ཆད་ནས་གཟེར་ན་ཡང་། །

མགོ་རུས་རླུང་གིས་ཟོས་ཏེ་རྫོགས་ན་ཡང་། །

འདི་ནི་འཁོར་བས་གནང་བའི་བདེན་པ་སྟེ། །

སྙིང་གཏམ་ཚིག་ལ་བཅོལ་བའི་འཕྲིན་པ་འདི། །

འཁོར་བ་མ་སྟོང་བར་དུ་བརྟན་པར་མཛོད། །

ཚིག་གི་སྒྲ་གདངས་སྐམ་པའི་ཡི་གེ་འདི། །

མཐའ་མ་ཕྱི་མའི་ཡུལ་དུ་འཁྱེར་དགོས་ཀྱང་། །

དགེ་སྡུག་མ་ལུས་ང་ཡིས་འཁྱེར་ཆོག་གོ། །

ཀྱེ་མ་ཉེ་པོ་ཁྱོད་ཀྱིས་ཐོས་སོང་ངམ། །

2019.8.8ཉིན་དབུས་སུ་གྲུབ།

         

       སྣང་བ་འོད་ལ་བཅོལ་བའི་མགུར།


ཤིང་གསོམ་སྡོང་ཡལ་གའི་རྩེ་མོ་ན། །

ཆར་མ་བབས་ཆུ་ཐིགས་ཆུང་ཆུང་རེ། །

ཕར་བལྟས་ན་ནམ་མཁའི་སྐར་མ་འདྲ། །

ས་རུབ་ན་མུན་པའི་སྒྲོག་གུ་འདྲ། །

རླུང་སྐམ་པོས་ལོ་མར་འཇུ་དུས་སུ། །

སེམས་ཡ་ཆུང་ན་བའི་དྲན་པ་རེད། །

མགོ་སྒུར་ནས་རི་ལ་སོང་ན་ཡང་། །

རི་མཐོན་པོ་རྐང་རྩེའི་མེ་ཏོག་འདྲ། །

ལས་སྣང་བ་ཟེར་ནོ་ཅི་ཡིན་ཡང་། །

ཁམས་དྭངས་ན་ཞོགས་པའི་ཟིལ་བ་འདྲ། །

ཡང་བལྟས་ན་འཁོར་བའི་གྲིབ་མ་འདྲ། །

ད་འདྲ་འདྲའི་ནང་གི་མི་འདྲ་བ། །

ཤགས་དགུ་སྒྲིག་ཅིག་གི་ཁ་ནང་ལས། །

རྟ་ཁེར་རྒྱུག་བཞིན་དུ་འོང་བའི་མི། །

མགོ་བསྒུར་ནས་བསམ་ན་ཁྱོད་རང་རེད། །

མིག་ཕྲ་ཆུང་སྣེ་ཡི་ཞགས་པ་འདྲ། །

གནས་ངེས་པ་མེད་པར་གང་སོང་ཡང་། །

ཁྱོད་ཟེར་བའི་ལུས་ཀྱི་ནང་མ་དེ། །

ཤ་རུས་པའི་བར་གྱི་མེ་ཏོག་བཞིན། །

དུས་རྟག་ཏུ་སེམས་ན་བཞད་ནས་ཡོད། །

སྐྱིད་སྣང་བ་ཟེར་བའི་རྟ་བདག་ང་། །

དགུན་ཁ་བའི་སྲུབས་ཀྱི་ཉི་འོད་བཞིན། །

མཚན་རྨི་ལམ་ནང་ནས་མ་གྲང་སྔོན། །

དབུས་ལྷ་ལྡན་གྲོང་གི་ཉི་ནུབ་ལ། །

དུས་སྐད་ཅིག་ཉིད་ལ་ལོག་ཡོང་ངོ་། །

2019.9.9ཉིན་དབུས་སུ་གྲུབ།


        དྲན་པ་དགུ་སྐོར་གྱི་མགུར།


ལས་ཀྱི་སེམས་གཅོང་འདི་ལ། །

དྲན་པས་འཚེམ་བུ་བརྒྱབ་ཀྱང་། །

སྣང་བའི་ནམ་མཁའ་ཐེད་པོ། །

སྐུད་པས་འཚེམ་ས་མ་སོང་། །

སེམས་ལ་ལྕགས་དྲ་བསྐོར་ཏེ། །

མིག་གིས་རྒྱང་ལ་བལྟས་པས། །

མེ་ཏོག་འདབ་མའི་གསེང་གི། །

ཟིལ་བས་ལག་བརྡ་བཏང་བྱུང་། །

ག་རེ་ཡིན་ཞེས་དྲིས་པས། །

ཁ་རོག་ཁ་རོག་གསུང་བྱུང་། །

ཕར་ལ་ལགས་སོ་ཞུས་པས། །

མགོ་བོ་བསྒུར་ཙམ་གནང་སོང་། །

དེ་འདྲའི་ཉམས་ཆུང་ཟིལ་བ། །

ང་རེའི་མིག་ཆུ་ཡིན་ན། །

སྐར་ཆུང་ཕྲ་མོའི་ལས་དབང་། །

འདི་ལས་གསལ་ཙམ་མིན་འགྲོ། །

གྲོང་མཐའི་ས་རྡུལ་འདི་ཡིས། །

སེམས་ཀྱི་དྲ་ཡོལ་ཕྱེ་ནས། །

རྒྱང་དུ་བབས་པའི་ཁ་བ། །

སེམས་ལ་ཆགས་རྒྱུ་བྱུང་ན། །

ཚ་བ་རུས་ལ་ཟིག་པའི། །

རྔུལ་ཆུ་རྒྱང་དུ་དེད་ཆོག། །

ཚོར་བའི་ཁབ་མིག་ནང་གི། །

ཁྱོད་རང་འདི་རུ་ཡོད་ན། །

སྤྱང་མོ་རི་ཤོར་བཞིན་དུ། །

གང་དུ་སོང་ཡང་ཆོག་གོ། །

2019.9.23ཉིན་པེ་ཅིང་དུ་གྲུབ།


     སྙན་དེབ་གཙང་བོར་བསྐུར་བའི་མགུར།


ངག་རིགས་ཀྱི་འོད་ལ་འདྲེས་པའི། །

མེ་ཏོག་གི་འདབ་མར་བཞུགས་པའི། །

དྲི་མེད་ཀྱི་དར་གོས་གྱོན་པའི། །

སྒྲ་དབྱངས་ཀྱི་ལྷ་མོ་བྱོན་ཅིག །

མི་སྡུག་པའི་སྣང་བས་གྲུབ་པའི། །

ལུས་པོ་འདི་སྒུར་ཙམ་བྱས་ཏེ། །

ལག་པ་གཉིས་ཐལ་མོ་སྦྱར་ནས། །

ཚེ་གཅིག་གི་ལས་སྨོན་གཙང་མ། །

གཙང་ངོགས་ཀྱི་ཀོ་གྲུ་བཞིན་དུ། །

སྙན་དེབ་ཅིག་སྐྱིད་ཆུར་བསྐུར་ཡོད། །

ཡི་གེ་དག་དགའ་ནས་བཞུར་ཐལ །

མཇའ་མཚོན་གྱི་རུས་པ་དཀར་པོ། །

རྒྱ་མཚོ་ཡི་གཏིང་ནས་འབུས་ཤོག །

མཆོད་པ་འདི་སྲོག་གི་མཚོན་བྱེད། །

རྨི་ལམ་འདི་འཁོར་བའི་ཆོས་ཡིན། །

དྲན་པ་ཡི་ཐག་པའི་རིང་ཐུང་། །

ང་རོ་ཡི་མཁར་ལ་བརྐོས་ཡོད། །

སྡེབ་སྦྱོར་གྱི་ཁ་རླངས་མཐུག་པོ། །

གཡོས་ཁང་གི་མདོ་ལ་ཆགས་པས། །

ཀྱོག་དང་ནི་སླ་ངའི་བློས་བསླངས། །

ཤ་ཁྲག་དང་རུས་པས་གྲུབ་ཡོད། །

དད་ཅན་རྣམས་མ་ཞེད་བཞུགས་དང་།།

དད་མེད་རྣམས་ཞུམ་ནས་བུད་འགྲོ། །

དོན་ལྡན་གྱི་དགེ་བའི་ལས་འདི། །

ཚོགས་ཀྱི་ནི་རྒྱ་སྒོ་ཕྱེས་ཏེ། །

ས་ཆུ་གཉིས་འབྱུང་བའི་གཞི་བྱས། །

མེ་རླུང་གཉིས་དར་བའི་དོད་བྱས། །

སྙན་ངག་གི་རིག་པ་གཙང་མའི། །

མཆོད་པ་འདི་ང་ཡིས་འབུལ་ལོ། །

       2018.9.23 ཉིན་ལྷ་སར།


  རྣམ་རྟོག་དགུ་འགྱུར་གྱི་མགུར། 


ང་ནི་ལྗོན་པའི་གསེབ་ཀྱི་གྲིབ་མ་ཞིག །

ཚེ་འདིར་འཁོར་བར་སྐྱེས་ནས་ཁྱོད་དང་མཇལ། །

མཐོང་བའི་ཆོས་ལ་འབད་པའི་སྣང་བ་ཡིས། །

ལུས་ཀྱི་ཆ་ལས་གྲུབ་པའི་ལུས་འདི་རྙེད། །

ང་ནི་དྲི་མས་བསད་པའི་རྣམ་ཤེས་ཤིག ། 

གཤོག་པ་རུམ་ལ་བསྡུས་ནས་ནམ་མཁའ་བརྗེད། །

རྩིབ་མའི་གསེང་དུ་གྲང་བའི་ཁ་བ་བབས། །

ཤ་དྲོད་རྒྱས་པར་དགུན་གྱི་ཆུ་ལ་འཛུལ། །

བྱ་རྒོད་ལ་སོགས་མཁའ་ལ་འཕུར་བའི་ཚོགས། །

ང་ལ་བལྟས་ནས་དངངས་འདར་བྱེད་ཀྱང་རུང་། །

ཨ་ཕོ་ང་རང་ལྕགས་ཀྱི་སྡོང་པོ་ཞིག །

འདབ་ལག་རྒྱས་མིན་ནམ་མཁའི་ལྷ་ཡིས་མཁྱེན། །

འོ་ཇ་ལ་སོགས་འདོད་ཡོན་ལྔ་ལྡན་གྱི། །

རྫས་རྣམས་མ་ལུས་གཏིང་གི་ཀླུ་ལ་འབུལ། །

ད་ནི་རྒྱལ་བར་རྒྱས་པའི་ངང་གིས་ནི། །

ངག་གི་རིག་པ་ཅུང་ཙམ་གནང་རོགས་དང་།།

མེ་ལོང་ངོས་སུ་བདག་གིས་འཁོར་བ་འབྲི། །

འཁོར་བའི་ནང་དུ་ཁྱོད་ཀྱི་ཞལ་ཐང་འབྲི། །

ཞལ་ཐང་ངོས་སུ་མེ་ཏོག་སྣ་ཚོགས་འདེབས། །

དེ་ཡི་གསེང་དུ་ང་ཡི་དུར་ས་འདེབས། །

ནམ་ཞིག་སྟོན་པ་ལ་སོགས་སྙན་ངག་མཁན། །

སྐྱོ་བ་ཆེན་པོས་འཁོར་བར་ཞེད་པའི་དུས། །

ང་ཡིས་ལག་པ་བསྲིང་ནས་ཀི་ཞིག་འདེབས། །

དེ་དུས་སྐྱོབས་པར་མ་བརྗེད་ང་ཡི་རྗེ། །

2018.11.25ཉིན་དབུས་སུ་གྲུབ།

   

དབུས་ལམ།


ལམ་གྱི་བལ་སྐུད་ཕྲ་མོ། །

བཀལ་ནས་དབུས་ལ་སླེབས་སོང་། །

ཇོ་བོའི་ཞལ་ནས་འཁྲུངས་པའི། །

འཛུམ་ཆུང་དེའང་བཞད་འདུག །

2019.6.7ཉིན་རྒྱའི་རྩོམ་རིག་མཁན་པོ་མཱོ་ཞིན་ལགས་ཀྱི་འཁྲུངས་ཡུལ་བོ་ཀྲུན་ནས་ཆོས་གྲོགས་གཉིས་རྐང་ཐང་དུ་ལྷ་སར་སླེབས་པ་ཐོས་རྗེས་བྲིས་པ་དགེའོ།།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།