མགྱོགས་བྲིས།
——སྟོང་སྐོར་ཀུན་རིག་མཚོ།
དམར་སེར་ལི་ཁྲིའི་མདངས་འཛིན་འཆར་ཀའི་བུ།།
ཉི་གཞོན་སྤྲིན་བྲལ་ནམ་མཁའི་དབྱིངས་སུ་ཤར།།
སེམས་ཀྱི་པད་མོ་དྲི་བཟང་འདབ་ལྡན་མའི།།
སྟོང་ལྡན་གེ་སར་མཛའ་བོའི་ཟེར་མར་འཁྲིལ།།
དུས་ཀྱི་རླུང་བུའི་སད་སེར་མདའ་མོ་དེ།།
དྲི་ལྡན་མེ་ཏོག་དང་གར་ཕོགས་ནས་སུ།།
ཡལ་ཀ་ཕྱོགས་སུ་བྲལ་བའི་སྐྱོ་ངལ་འདིར།།
ཉི་རྡུལ་ཕྲ་མོས་མ་བཟོད་དངན་པ་འབྱིན།།
དྲན་པའི་བྲག་འཕྲེང་བརྒལ་བའི་ངག་གི་ཁུགས།།
སྐྱིད་གཞུང་ཆུ་མོར་བསྐུར་བའི་མཛའ་བོའི་འཕྲིན།།
ཤག་ཤག་རླབས་སྒྲས་དུང་བ་རྒྱང་དུ་ཁྱེར།།
ཟིལ་བའི་ཀློང་གིས་སྐྱོ་གཞས་གདངས་ལ་བཀྲན།།
སྣང་བ་ཡན་གར་སེམས་པའི་གཏིང་དུ་སིམ།།
རྨི་ལམ་མེ་ཏོག་མཁུར་ཚོས་ངོས་སུ་བཞད།།
བརྩེ་བའི་སྟོན་ལོ་འཁྱགས་པའི་སྒྲོམ་དུ་བཅུག།
སྟོན་གྱི་ངུད་མོས་ངག་གི་མེ་ཏོག་བཅོམ།།
ཚིག་གི་མར་མེ་རླུང་བུ་འཁྱམས་པོས་གཟིམ།།
འབྲུ་ཡི་སྡོང་རྐང་སད་དང་སེར་བར་བཅོམ།།
བློས་བསླངས་མར་ཁུའི་མཚོ་མོ་འདྲེན་པར་བྲེལ།།
དོན་གྱི་གསེར་སྐོང་སེར་བོ་སྟོང་ལ་ཉེ།།
ལ་མོའི་དབུ་རྩེར་ཁ་བས་རྒྱས་བཏབ་པས།།
རླུང་སྐྱེད་དར་ལྕོག་བུ་ཡུག་ཁྲོད་དུ་ལུས།།
དགུན་གྱི་དྲགས་ཤུགས་དཔུང་སྡེ་སླེབས་ཙ་ན།།
སྣོད་བཅུད་དབུགས་དབྱུང་ཙམ་གྱི་རང་དབང་དབེན།།
༢༠༡༨།༡༠།༢༣ ལྷ་སར།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མགྱོགས་བྲིས།