ཀྲུང་གོ་བོད་ཀྱི་དྲ་བ།

ཐོད་པའི་ཁ་ཡིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྟོང་སྐོར་ཀུན་རིག་མཚོ།   སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཐོད་པའི་ཁ་ཡིག

——— སྟོང་སྐོར་ཀུན་རིག་མཚོ།

སྨག་གི་རླབས་རྒྱུན་ཆུ་རིས་ཤིག་ཤིག་བར།།

ཟླ་བའི་གདན་ཆུང་གྲུ་བཞིར་སེམས་པ་བསྙལ།།

ནག་ནོག་སྤྲིན་པའི་སེང་རས་ཕར་ཙམ་དེད།།

དྭངས་གཙང་འོད་ཀྱི་ཐིགས་པ་ཧུབ་ཀྱིས་བཏུང་།།

 

རྨོངས་པའི་འཆང་ཐག་བར་ནས་ཐར་བར་རེ།།

ལན་ཆག་བུ་ལོན་ལྟ་བུའི་འཕྲུལ་སྣང་གིས།།

ཡ་ཆུང་སྙིང་གི་རྩེ་མོར་ཤུགས་ཀྱིས་བརྡབས།།

མི་བཟོད་འོ་དོད་ཡིད་ཀྱི་བྲག་ཅར་འཁོར།།

 

གཟི་བྱིན་ལྷམ་མེར་བཀྲ་བའི་འདས་ཟིན་ཞིག།

ངག་གི་མཚོ་མོའི་བར་ནས་སྐྱོམ་ཙམ་བྱས།།

འདོད་འདུན་ཕྲ་མོའི་ཟེགས་མ་མཁའ་རུ་འཕྱོ།།

ཚོར་འདུའི་སུག་རྗེས་ཤོག་བུའི་ངོས་སུ་འཐིམས།།

 

སྙན་པའི་ཚིག་འབྲུ་ཙམ་ལ་འཇུ་ཐེངས་རེར།།

གངས་དང་ཆུ་མོའི་དྭངས་གཙང་ངག་ནས་ཤོར།།

གཡའ་དང་སྤང་གི་གཏམ་རྒྱུད་ཡིད་ལ་འཆར།།

སྦྲ་དང་གཡང་དཀར་མ་མོ་མིག་ནས་བརྡོལ།།

 

སྨུག་པའི་ནང་གི་རི་གླུ་སིང་སིང་དང་།།

སྟག་ཤར་གཞོན་པའི་དབྱངས་ཀྱི་མགུར་རྟ་གཉིས།།

ལུག་རྫི་བུ་མོའི་རྒྱབ་གཟུགས་མག་མོག་སོགས།།

བལྟས་བལྟས་རིག་རིག་རྨི་ལམ་ངོས་སུ་འབྱར།།

 

འདི་ལྟ་འདི་ཉིད་འགྱུར་བའི་ཆོས་ཉིད་འདྲ།།

དུས་ཀྱི་མཚོན་ཆས་བཟོས་པའི་རྨ་ཁ་འདྲ།།

སོས་ཐབས་བྲལ་ཡང་སྐྱོ་གླུ་ཐན་ཐུན་ལས།།

སྟོང་བ་ཉིད་ལ་ཁ་རེ་གཡོར་ཐབས་བྱེད།།

 

རྒྱང་ནས་ཡུལ་གྱི་སྣང་བརྙན་དྲན་པར་བརྐོས།།

ཡུལ་ནས་རྒྱང་གི་སྐྱིད་སྡུག་མིག་ལ་འཛུམ།།

སྐད་ཀྱི་ཉག་མ་ཕྲ་མོར་འཐམས་འཐམས་ནས།།

ཡིད་དུ་བསྙལ་བའི་བརྩེ་བ་དེ་ལ་ཕུལ།།

 

དེའང་ཨུ་ཚུགས་ཙམ་གྱིས་མཐར་སྐྱེལ་དུས།།

སྙིང་ན་འཚེར་བའི་མར་མེ་རྐང་གཅིག་དེ།།

འགྱུར་བའི་རླུང་རླབས་ཁྲོད་ན་འདར་ར་ར།།

གཟིམ་ལ་ཉེ་དུས་བདག་གི་རྨི་ལམ་རྫོགས། ། 

 

ཞོར་དུ་སྙན་ངག་བུ་ཆུང་རྒྱང་དུ་གྱེས།།

ཨ་མའི་མིག་སྐྱེལ་བར་ནས་ལམ་པ་མཛད།།

འཇའ་ཚོན་གཟུགས་སུ་གྱུར་རྗེས་མིག་ནས་ཡལ།།

འདི་ནི་བདག་གི་ཐོད་པའི་ཁ་ཡིག་འདྲ། 

༢༠༡༨/༡༠/༢༦      སྟོད་ལུང་བདེ་ཆེན་དུ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།