༄༅།།བོད་ཀྱི་གཡང་ཟོག་གཡག་གི་རང་བཞིན་བརྗོད་པ།

༄༅།།བོད་ཀྱི་གཡང་ཟོག་གཡག་གི་རང་བཞིན་བརྗོད་པ།

            དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། 


        སྟག་གཟིག་དོམ་དྲེད་སྙིང་རྩ་འདར་བྱེད་པའི། །

        རྭ་ཟུང་མཚོན་ཆ་མཁའ་ལ་གདེངས་པ་ཁྱོད། །

        རང་གི་མཛའ་བོར་ཞེ་རྒྱུད་བལ་ལས་འཇམ། །

        བྱིས་པ་བུད་མེད་རྣམས་ཀྱང་རྒྱབ་ཏུ་འཁུར། །


        ཁ་ནས་གཞན་ཕན་ཆོས་སྐད་མི་སྨྲ་ཡང་། །

         རང་གི་ཤ་ཚིལ་ནང་ཁྲོལ་ཀོ་རྩིད་དང་། །

        མཐའ་ན་ལྕི་བ་བཏང་བ་ཡན་ཆད་ཀྱིས། །

        གཞན་ལ་ཕན་པ་འབའ་ཞིག་ཁྱོད་ཀྱིས་སྒྲུབ། །


        བོང་བུས་ཁུར་ཆེན་འདེགས་པར་མ་བཟོད་པར། །

        ཨ་རབ་ཚོང་བའི་རྗེས་སུ་འབྲངས་ནས་སོང་། །

        གཉའ་བར་རི་དེའུ་ཙམ་ཞིག་བཀལ་ན་ཡང་། །

        མི་འདེད་འཁུན་སྒྲ་ཙམ་ཡང་ཁྱོད་ལ་མེད། །


        ཅང་ཤེས་རྟ་བོ་གསེར་སྒ་ཐོབ་པའི་ཕྱིར། །

        སྟོང་འཁུན་རྒྱལ་བོའི་འཕོང་གི་ཆིབས་རྟ་བྱས། །

        ཁྱོད་ཀྱིས་རྔ་རྩིད་མཛེས་སྡུག་ལན་བུ་ཡང་། །

        གཞན་དག་འཚོ་བའི་རྟེན་དུ་ཕངས་མེད་སྦྱིན། །


        ནོར་སྐྱོང་རྣམས་ནི་རུས་པ་འཆའ་བའི་ཕྱིར། །

        ཧོར་སེར་དམག་གི་ཤ་ཁྱི་གཏུམ་པོ་བྱས། །

        ཁྱོད་ནི་རི་རྩྭ་ཁམས་གང་མ་རྙེད་པར། །

        མུག་ཤིར་གྱུར་ཀྱང་བདག་པོར་འབྲལ་མི་བྱེད། །


        སེང་གེ་གངས་ཀྱི་གྲང་བར་མ་བཟོད་པར། །

        ཧྥེ་གླིང་ནགས་ཚལ་སྟུག་པོའི་གསེབ་ཏུ་བྲོས། །

        ཁྱོད་ནི་ཐོག་མ་མེད་ནས་ད་ལྟའི་བར། །

        སྐྱེས་ཡུལ་མཐོ་སྒང་བློ་ཡིས་བཏང་བ་མེད། །


        བྱུ་རུའི་སྡོང་བོ་འཁུར་བའི་ཤ་བོ་དང་། །

        གསེར་གྱི་རྐྱལ་བ་ཐོགས་པའི་གླ་བ་དང་། །

        ཤེས་རབ་རལ་གྲི་སྒྲེང་བའི་རི་བོང་རྣམས། །

        རང་བདེ་ཁོ་ནར་འབད་པས་ཁྱོད་བས་དམན། །


        ཤ་ཚིལ་མཐོང་ཚེ་འོང་བའི་ཐང་དཀར་རྒོད། །

        མེ་ཏོག་ལྡན་དུས་གླུ་ལེན་གཞན་གསོས་བུ། །

        མཚན་མོའི་སྨག་ལ་དགའ་བའི་འུག་པ་རྣམས། །

         གཤོག་ཟུང་ལྡན་ཡང་ཁྱོད་ཀྱི་དོ་ཟླ་མིན། །


        དྲེལ་ལྟར་རང་མིར་ཕྲ་ཁ་ཚད་པ་མེད། །

        ལུག་ལྟར་དགྲ་ལ་གཉོམ་འཁུར་གླེན་རྟགས་མེད། །

        ཕག་ལྟར་ཁྱིམ་གྱི་གྱང་རྟིང་སློག་པ་མེད། །

        ལོའུ་ལྟར་ནང་རྐུན་བྱེད་པའི་སྤྱོད་ངན་མེད། །


         གཞན་ལ་ཕན་བཏགས་ཕན་ལན་རེ་བ་མེད། །

         རྩྭ་ཆུ་ཁྱུ་དང་མཉམ་སྤྱོད་སྒེར་སེམས་མེད། །

        རླུང་དང་ཁ་བ་ཆར་ཆུར་སྐྲག་པ་མེད། །

        ལྟོགས་གྲང་བཀོལ་སྤྱོད་སྡུག་བསྔལ་མི་ཁྱགས་མེད། །


        མིག་རྩ་དམར་ཡང་གཞན་འབྱོར་འཕྲོག་འདོད་མིན། །

        ཁྲོ་གཉེར་བསྡུས་ཀྱང་གཉེན་ལ་སྡང་བ་མིན། །

        རྭ་ཁ་རྣོ་ཡང་ནང་ལ་གཟས་པ་མིན། །

        ངུར་སྒྲ་སྒྲོགས་ཀྱང་ལྟས་ངན་གཏོང་འདོད་མིན། །


        དར་ཟབ་གོས་དང་གསེར་དངུལ་རིན་ཆེན་རྒྱན། །

        མ་བགོས་ལུས་ཀུན་སྤུ་ཡིས་ཁེབས་ན་ཡང་། །

        བསྔགས་འོས་ཡོན་ཏན་སྤྱོད་བཟང་རིན་ཆེན་རྒྱན། །

        མི་ཡི་བསླབ་བྱར་གྲུབ་འདི་མི་མཛེས་སམ། །

ཞེས་པ་འདི་ནི1986ལོའི་ཟླ7ཚེས1ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བྲིས་ཏེ་ལོ་དེའི་《ཟླ་ཟེར》སྟེང་དུ་བཀོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།