ཀྲུང་གོ་བོད་ཀྱི་དྲ་བ།

སྣང་བའི་མགུར།

ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།   རྩོམ་པ་པོ། : མགར་རྐང་།རྫ་ཆུ་ཁ།   སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བའི་ཁ་དོག་ལ་འགྲམ་དར་ཆགས་དུས།།

བདག་གི་ཞེ་འདང་ལ་སྐྱོ་བས་གཙེས་སོང་།།

སེམས་ཀྱི་སྟེང་འོག་ལ་ཉར་བའི་ཁྱོད་རང་།།

ལོ་ངོ་ཁྲི་སྟོང་གི་ཞེན་ཆགས་ཡིན་འདྲ།།


སྣང་བའི་རང་གཟུགས་ལ་རྩུབ་མདའ་ཕོགས་པས།།

ཡིད་ཀྱི་གློ་སྙིང་གི་ཞལ་ཁ་ཕྱེས་སོང་།།

ཕྱི་དྲན་སྒྱེ་མོ་གང་ཁུར་བས་ཁྱེད་རང་།།

འཚོ་བའི་ཁ་དོག་འདིའི་མཚོན་དོན་ཡིན་འདྲ།།


ལུས་ཀྱི་ཕྱི་ནང་ལ་རི་མོ་བྲིས་པས།།

སེམས་ཀྱི་ཕྱི་ནང་ལ་གསེར་ལོ་ཐོར་བྱུང་།།

ཁྱེད་རང་མི་ཚེ་འདིའི་དྲན་ཤིང་ཚ་ཤོས།།

སྣང་བ་རྒྱ་ཡན་འདི་རྩེ་རུ་ཟུག་ཡོད།།


སྲོད་ཁའི་རླུང་ཆེན་སོགས་གཡུག་པ་མ་གནང་།།

བདག་གི་ཞེན་ཆགས་ལ་རྫས་ཀྱི་བལྟམས་སོང་།།

གྱེས་ཁའི་ཁ་བར་ལ་དམ་ཚིག་བཞག་ཡོད།།

དམ་ཚིག་མི་ཚེ་འདིའི་དྲན་ཤིང་བྱས་ཡོད།།


ཁྱེད་རང་འཇིག་རྟེན་འདིའི་དར་ལྕོག་ལྗང་ཁུ།།

བདག་གི་རྨི་ལམ་ནང་འཕྱུར་བ་བྱུང་བས།།

ལུས་དང་བསྐལ་བ་ཡི་བསོད་ནམས་ཡར་འགྲོ།

སྤྲིན་པ་ཡར་འགྲོ་འདིའི་མགུར་ལ་བཏགས་ཡོད།།


རྩོམ་པ་པོ་ངོ་སྤྲོད།

WechatIMG388.jpeg

མགར་རྐང་། དངོས་མིང་ལ་ལེགས་ལམ་ཞེས་འབོད། སློབ་སྦྱོང་གི་ཞོར་དུ་རྩོམ་ཡིག་ཐན་ཐུན་རེ་འབྲི་ཁུལ་བྱེད་ཀྱིན་ཡོད། དེ་ནི་ལས་ཀྱིས་བགོ་སྐལ་ཡིན་པ་འདྲ། ཁེར་སྡུག་དང་ངལ་དུབ་ཀྱི་ཉིན་མཚན་རེ་རེ། ངས་ཚེ་ཡི་རྨི་ལམ་ཡིན་པར་ཆ་བཞག་ནས། དགའ་སྐྱོ་ཆགས་སྡང་གིས་གཙེས་པའི་སེམས་ངལ་མཐའ་དག་ང་ཡིས་ཆེས་ཡག་པའི་སྙན་ངག་དེ་ཡིན་པར་རེ་བ་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།