—ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་ཕྲེང་བ།
རྔམ་བརྗིད་ཞེའུ་རི་བོའི་ལྕགས་རི་ཡིས་བསྐོར་ཅིང་། །
གཞུང་ཆེན་འབྲི་ཆུ་སྔོན་མོའི་ལྷ་དར་གྱིས་བསུ་ས། །
དཔལ་ཆུ་བྱ་ཆུ་གཉིས་ཀྱི་ཁུགས་སོ་ན་ཆགས་པའི། །
སྐྱེ་འགྲོའི་ཚོགས་ཞིང་སྐྱེ་དགུ་གྲོང་རྡལ་འདི་རྨད་བྱུང་། །
གངས་རིའི་ལྗོངས་ཀྱི་ཡུལ་དབུས་གཉིས་པ་རུ་འབོད་པའི། །
ཁམས་ཀྱི་མདོ་ཆེན་གསུམ་གྱི་ཡ་གྱལ་དུ་བགྲང་བའི། །
མདོ་སྟོད་ཁམས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་བ། །
འགྲོ་ཀུན་ཕན་བདེའི་ལུང་པ་སྒ་ཡུལ་འདིར་གྲགས་བྱུང་། །
ཡུལ་འདིའི་དོན་ཀུན་བཀྲ་ཤིས་དཔལ་རྒྱས་སུ་དགོད་པར། །
སྙིང་སྟོབས་ཆེན་པོས་དཀའ་ཐུབ་སྤྱོད་པ་ཡིས་འཇུག་པ། །
བགེགས་རིགས་བར་ཆད་མ་ལུས་འཇོམས་བྱེད་ཀྱི་གོ་ཆ། །
ས་ཆེན་སྲུང་བའི་མི་དམངས་ཉེན་རྟོག་པའི་དཔུང་སྡེ། །
དུས་གསུམ་ཀུན་ཏུ་དམངས་ཀྱི་སྐྱབས་བཅོལ་དུ་བསྟེན་པའི། །
རྣམ་དཀར་དགེ་བའི་ལས་ལ་མཐའ་གཅིག་ཏུ་གཞོལ་བ། །
དགྲ་འདུལ་གཉེན་སྐྱོང་དཔའ་བོ་མི་དམངས་ཀྱི་རུ་དཔུང་། །
ཉམ་ཐག་འགྲོ་བའི་སེམས་ན་དགྲ་ལྷ་བཞིན་བསྟོད་པ། །
དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་སྡུག་གི་ཆེད་དུ། །
འདུར་བའི་རྐང་རྗེས་རི་ལུང་ཐང་གསུམ་ལ་བཏབ་པ། །
རྔུལ་ཆུའི་ཐིགས་པ་གྱོན་ཆས་སྲུབ་མདུད་ལ་ཐིམ་བཞིན། །
དཀའ་སྡུག་ཁུར་ལེན་སེམས་བསྐྱེད་རང་རྒྱུད་དུ་མཛེས་སོང་། །
ལྷག་དོན་དགེ་ལས་འཕེལ་བའི་རྨད་བྱུང་གི་མཛད་འཕྲིན། །
དམར་པོ་ཁྲག་གིས་བྲིས་པའི་འདས་དོན་གྱི་བྱུང་རབས། །
ཕྱི་རབས་རྒྱུན་འཛིན་སྐྱོང་བའི་མན་ངག་ཏུ་བརྩམས་པ། །
བསྟོད་ཚོགས་མཆོད་པ་ངག་གི་མགུར་མོ་ལ་དྲངས་སོང་། །
བདེན་དོན་ལྷུར་གྱིས་འཇུག་པའི་མི་ཞེད་ཀྱི་སྙིང་སྟོབས། །
ཡོ་འཁྱོག་མ་ལུས་སྲོང་པའི་ལྷ་ཆེན་གྱི་ཚད་ཤིང་། །
སྲིད་པའི་ཁ་མཆུ་སྡུམ་པའི་གཟུར་གནས་ཀྱི་དཔང་བོ། །
དྲང་བོའི་ལམ་ལ་འཇུག་པ་ལྷག་བསམ་གྱི་རང་མདངས། །
དགུན་གྱི་ལྷགས་རླུང་འགེམ་བཞིན་གངས་རི་ལ་འཛེགས་སོང་། །
དབྱར་གྱི་ཚ་བས་གདུང་བཞིན་མེ་ནང་དུ་མཆོངས་སོང་། །
གྲང་ལྟོགས་བཀྲེས་སྐོམ་མྱོང་བ་འཛེམ་མེད་ཀྱི་ཕུང་བོ། །
གཉིད་ཆག་ཟས་བརྗེད་མྱོང་བ་རྫོགས་མེད་ཀྱི་རྣམ་ཤེས། །
དམངས་ཀྱི་གྱོང་སྡུག་ཞུ་གསོལ་ལྷག་མེད་དུ་ཉན་མཁན། །
འཇིགས་རུང་བཙན་པོའི་སྦྱོར་བ་འགོག་ཟོན་ལ་མཁས་པ། །
དམངས་ཀྱི་འཚོ་བའི་ཁྲོད་ཀྱི་མགོན་སྐྱབས་སུ་འབོད་པ། །
མི་དམངས་ཉེན་རྟོག་པ་ལས་གཞན་དག་ནི་སུ་ཡོད། །
ལྷན་འཛོམས་ནང་མིའི་དགོད་སྒྲ་གོ་ར་ནང་འཁྱིལ་དུས། །
ཁྱོད་ནི་གྲང་ངར་ཀློང་གི་ཁེར་རྐྱང་གི་ཕྱི་སོ། །
བདག་པོས་གཞན་གཅེས་ཀུན་སློང་ཡང་དག་ཏུ་སྒོམ་པའི། །
ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཉེན་རྟོག་དཔོན་ཡིན་སོང་། །
ཁྲམ་པ་རྐུན་ཇག་ཚོགས་དང་བློ་འཐབ་དང་ཇུས་འཐབ། །
མི་གསོད་ལག་དམར་རྣམས་དང་དངོས་འཐབ་དང་ཤུགས་འཛིང་། །
གཉོམ་ཆུང་ཁེས་ཆུང་རྣམས་ཀྱི་རྒྱབ་རྟེན་གྱི་དཔུང་རོགས། །
བཙན་པོ་རྒོད་པོ་རྣམས་ཀྱི་ངོ་ཡ་དང་གྱོད་ཡ། །
ཁྲིམས་འགལ་ལུགས་འགལ་ཚོགས་པ་ཚར་གཅོད་ཀྱི་སྟ་རེ། །
ཉེས་ཅན་བྲོས་ཐར་བདའ་བའི་འཛིན་བཟུང་གི་ཞགས་པ། །
བདེན་རྫུན་ཕུ་ཁུངས་འབིག་པའི་རྣོ་དབལ་གྱི་མདུང་རྩེ། །
བདེ་སྐྱོང་གཡུལ་རའི་འཐབ་མོ་མི་ཕམ་པའི་རྣམ་རྒྱལ། །
བཅའ་ལུགས་བཅོས་སྐྱོང་ཁྲིམས་རིགས་བློ་གྲོས་ཀྱི་ཕྱུག་པོ། །
སྟོབས་ཆེན་གཟུགས་པོར་ནུས་དགུ་རྩལ་སྣ་ཡིས་རྫོགས་པ། །
བསྐོས་པའི་དོན་ལ་འཇུག་པའི་སྙིང་ཕུར་ནི་བརྟན་པ། །
རྒྱལ་ཁམས་ཚུལ་བཞིན་སྐྱོང་བའི་དྲང་བདེན་གྱི་མདའ་བ། །
སྤྱིར་ན་སྒ་བ་ལུང་པའི་ཉེན་རྟོག་པའི་སྡེ་ལ། །
ཚིག་བསྡུས་དོན་ཉུང་བསྟོད་ཚིག་འདི་ཙམ་གྱིས་ཅི་འཐུས། །
བསྟོད་ར་ཆེ་བརྗོད་ངག་ལ་ཚིག་གསུམ་ལས་མ་ཁུགས། །
འདིས་ཀྱང་ཐོས་པ་དགའ་སྐྱེད་ལེགས་ཚོགས་སུ་སྨིན་ཅིག །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ས་ཆེན་གྱི་ཁྲབ།