ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་དང་ང་ཡི་གཏམ་རྒྱུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་བྱང་།)དགེ་ལེགས་རྒྱལ་མཚན།   སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདག་གིས་ཕ་ཡུལ་གྱི་ཕྱོགས་ནས་བཏབ་པའི་སྨོན་ལམ

དེའི་རྐྱེན་གྱིས

ཁྱོད་ཀྱིས་ཡོད་དོ་ཅོག་བསྐྱུར་ནས

གྲོང་ཁྱེར་དང་གྲོང་གསེབ་བརྒྱུད་ནས་རྒྱང་གི་ལམ་ལ་ཆས

ཁྱོད་རང་ལམ་ལ་ཆས་པའི་ལོ་ཟླ་དེ་ད་དུང་བརྗེད་མི་སྲིད


ལམ་ལ་ཆས་པའི་ཉིན་མོར

སེམས་ཀྱི་སྐད་ཆ་མང་བོ་ཞིག་ཁྱོད་ལ་བརྗོད་ན་འདོད

འོན་ཀྱང  ང་ལ་དེའི་སྙིང་སྟོབས་དཀོན

རྒྱུ་མཚན་དེའི་དབང་གིས

ང་ཁྱོད་ཚང་གི་སྒོ་འགྲམ་དུ་ལངས་ཏེ

ཆིག་ལབ་མང་པོ་ཞིག་བརྒྱབ་རྗེས་ཕྱིར་རང་ཡུལ་ལ་ལོག


ལོ་ཟླ་མང་ཞིག་གི་འཁོར་སྐྱོད་ཁྲོད་ནས

སེམས་ཁོང་གི་ཆེས་ཐག་ཉེ་བའི་གནས་ཡུལ་ནས

ཁྱོད་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མ་བྱུང

ང་རང་མི་མེད་ལུང་སྟོང་གི་གྱང་ཆག་ནང་ནས

ལོ་ཟླ་མང་བོ་ཞིག་ལ་ཁེར་རྐྱང་དུ་ལུས

ཁྱོད་ཀྱིས་ཚོར་བྱུང་ངམ


ཁྱོད་སོང་བའི་ཉིན་མོ་དེ་ནས་བཟུང

ང་རང་ཁེར་རྐྱང་དུ་ལུས

མི་མང་བོ་ཞིག་གིས་ང་ལ་ཁེར་འདུག་དང་ཁེར་འགྲོ་ཟེར

འོན་ཀྱང

ཁོ་ཚོའི་ཅི་ཞིག་བརྗོད་ན་བརྗོད

ངས་ནམ་ཞར་ཁྱོད་ལ་རེ་བས་བསྒུག་ཡོད


ད་ལྟ་ཁྱོད་གང་ན་གནས

གནས་སའི་ཁ་ཕྱོགས་ཙམ་གྱི་ཡིག་འབྲུ་རེ་འུ་གཉིས

ཐུག་སའི་གྱང་ཆག་དེའི་ནང་ལ་ལྡུག་རོགས

གྱང་ཆག་དེ་རང་གི་གཅེས་ནོར་ཞིག་གི་ཚབ་ཏུ་བཞག་ཡོད


ཁྱོད་མེད་རུང

བདག་གིས་རང་ནུས་ཅི་ལྕོག་གིས

གྱང་ཆག་ནང་གི་ཐུག་འཕྲད

རྨི་ལམ་ནང་གི་མཛའ་མོ

སྐྱོ་སྡུག་ཁྲོད་ཀྱི་བདག་མོ

བདག་གི་ཚོར་བའི་གསེང་ན་རྒྱུ་བའི་ན་ཟུག་རྐྱང་རྐྱང་རེད

ཁྱོད་མེད་ན་ན་ཟུག་འདི་སོས་ཐབས་མེད


ཁྱོད་དང་འུ་གཉིས་ཀྱི་གཏམ་རྒྱུད་འཁྲུངས་སའི་གྱང་ཆག་ཧྲལ་བོ་དེ

བརྗེད་དཀའ་བའི་འདས་དོན་ཞིག

བདག་གིས་ནམ་ཡང་ཕྱིར་དྲན་དེའི་མཛེས་པ་བསྲུང་ཕྱིར

མཛེས་སྡུག་གི་དག་ཞིང་སྟེ་ཉི་མ་ལྷ་སའི་ཕྱོགས་སུ

སྐྱོ་སྡུག་གི་ཡིག་འབྲུ་འདི་དག་གཏོར་མགོ་བརྩམས


123.jpg

       དགེ་ལེགས་རྒྱལ་མཚན།  ཕ་ཡུལ་མཚོ་བྱང་། 2018ལོར་ཀན་སུའུ་ཞིང་ལས་སློབ་ཆེན་ལས་མཐར་ཕྱིན། ད་ལྟ་རང་གིདགའ་ཕྱོགས་ལྟར་བོད་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་མུས་ལགས་ཤིང་། སྔ་ཕྱིར《ཙོང་ཆུ》ཚགས་པར་དང《མཚོ་སྔོན་པོ》ཚགས་པར།《གས་སྲུབས་ཀྱི་གད་རྒྱངས》དུས་དེབ་སོགས་སུ་བརྩམས་ཆོས་བཅུ་ཕྲག་ལྷག་སྤེལ་མྱོང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།