དངོས་མིང་ལ་ཆོས་དབྱིངས་རྒྱ་མཚོ་རུ་འབོད་ཅིང་། 1994ལོར་དཀར་མཛེས་ཁུལ་བྲག་མགོ་རྫོང་གཙང་སྟོད་སྡེ་བར་སྐྱེས། 2014ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་པ་བཅས་ཡིན། བརྩམས་ཆོས་ལ《སྤྱི་ཚོགས་ནག་པོ》དང《བདེ་སྐྱིད་ཀྱི་གསང་གྲངས》སོགས་ཡོད། ད་ལྟ་ཁམས་ལི་ཐང་དུ་དགེ་རྒན་གྱི་ལས་གནས་གཉེར་ཞོར་རྩོམ་འབྲིའི་ལས་ལ་འབད་འབུངས་བྱེད་བཞིན་ཡོད་དོ། །
འཁོར་བ་དང་བདེན་པ།
འཁོར་བ་སྒྱུ་མའི་གྲོང་གི་ལྟད་མོ་སྣ་ཚོགས། །
ཆར་རྗེས་འཇའ་ཡི་གུར་ཁྱིམ་ཕབ་པ་ཇི་བཞིན། །
བལྟས་ན་མཛེས་པ་ཀུན་གྱི་ཡང་རྩེར་གནས་ཀྱང་། །
མི་རྟག་ནམ་མཁའི་གློག་ཞགས་ནམ་འཁྱུག་ཅི་ཆ། །
དུག་གསུམ་དུག་ལྔས་དཀྲིས་པའི་མགྲོན་པོ་ང་ཚོ། །
མི་མཇེད་འཇིག་རྟེན་ཁམས་ཀྱི་མགྲོན་བྲང་འདི་ན། །
བལྟས་ན་རང་དབང་ཆེ་ལ་བདེ་སྐྱིད་ལྡན་ཡང་། །
མི་རྟག་ཐག་ཞགས་མདུད་པར་ནམ་ཚུད་ཅི་ཆ། །
ནང་སེམས་དཀར་གཙང་ཤོག་བུའི་ལྡེབས་ངོས་རེ་ལ། །
དགའ་སྐྱོ་ཆགས་སྡང་མཚོན་པའི་རི་མོ་སྣ་ཚོགས། །
བལྟས་ན་མིག་ཟུང་དགའ་བའི་ལྟད་མོར་ཡོད་ཀྱང་། །
མི་རྟག་མཛེས་པའི་ཡུལ་ལྗོངས་ནམ་འཇིག་ཅི་ཆ། །
ཐོག་མེད་མཐའ་མེད་འཇིག་རྟེན་འཁོར་བའི་གྲོང་ནས། །
སེམས་དང་ཡུལ་ལ་ལྟོས་པའི་གཟུང་འཛིན་སྣ་ཚོགས། །
བལྟས་ན་འགྱུར་མེད་ཟག་མེད་རྟག་པར་སྣང་ཡང་། །
མི་རྟག་འཁོར་བའི་འཁོར་ལོ་ནམ་འཁོར་ཅི་ཆ། །
ཀྱག་ཀྱོག་མོད་པོ་མི་ཚེའི་བགྲོད་ལམ་འདི་ཉིད། །
ཚོད་ལྟ་མེད་པའི་ངོ་མཚར་འཁྲབ་སྟོན་ཐེངས་གཅིག །
བལྟས་ན་ལོངས་སྤྱོད་ཅིག་གི་རིམ་པར་མཐོང་ཡང་། །
མི་རྟག་རྩྭ་མགོའི་ཟིལ་བ་ནམ་ལྷུང་ཅི་ཆ། །
2018.11.18ཉིན།
སྣང་བ་ཡན་པ།
ཚོར་བའི་མེ་ཏོག་མཁའ་ལ་སྤུར་ཏེ་བར་སྣང་སྟོང་བ་ཚལ་བར་གཤེགས། །
སེམས་ཀྱི་དགའ་སྐྱོ་རི་མོར་ཕབ་སྟེ་བམ་པོ་སྟོང་གི་པོ་ཏི་བརྩིགས། །
ལོ་ཟླའི་རི་བོ་འཕྲེད་ཀྱིས་བཅད་དེ་གངས་རི་དང་ནི་རྩྭ་ཐང་བརྒལ། །
འཚོ་བའི་ཕྱི་ནང་མེ་རུ་བསྒྲོན་ཏེ་མི་ཚེའི་སྣང་བ་འོད་ཀྱིས་གཏམས། །
སེམས་ཀྱི་རྒྱུད་མང་སྙན་པར་འཁྲོལ་ཞིང་ནང་གི་འགྱུར་བ་དབྱངས་སུ་གྱེར། །
མི་ཚེའི་གོམ་ཁ་མཛེས་པར་བསྒྱུར་ཅིང་ལྡེམ་མྱུར་ལུས་ཀྱི་གར་སྟབས་ངོམ། །
འཇིག་རྟེན་སྣང་བར་ཆུ་འཛིན་འཁྲིགས་ཤིང་སྤྲིན་གྱི་འདབ་མ་ལྷབ་ལྷུབ་གཡོ། །
སྐྱིད་སྡུག་འདྲེས་མའི་འབྲུག་སྒྲ་ལྡིར་ཞིང་སྐད་ཅིག་གློག་འགྱུའི་སྒྱུ་འཕྲུལ་བསྟན། །
འཁོར་བའི་ཐང་ཆེན་བང་གིས་བཅད་ན་རྨི་ལམ་ལྟ་བུའི་ངོ་མཚར་མཐོང་། །
འཚོ་བའི་མེ་ལོང་ཡུན་གྱིས་བཞེངས་ན་མི་རྟག་སྒྱུ་མའི་རང་མཚང་མཐོང་། །
སྐྱེ་བའི་ཕྲེང་རྡོག་རིམ་གྱིས་བགྲང་ན་སྟོང་བ་ཉིད་ཀྱི་གནས་ལུགས་མཐོང་། །
སྣང་བའི་ཕོ་བྲང་ག་ལེར་ཉུལ་ན་ཐར་ལམ་འགྲིམ་པའི་ཐེམ་སྐས་མཐོང་། །
2019.3.30ཉིན།
དམ་བཅའ།
ཁྱོད་ཞལ་འཛུམ་པའི་མེ་ཏོག་ལྷུག་ལྷུག་དགོད་ཅིང་འདབ་བརྒྱ་གྲོལ་བ་ན། །
བདག་ཡིད་རྐང་དྲུག་བུང་བ་དར་དིར་གྲག་ཅིང་གཤོག་འགྱུར་ངོམ་པ་ན། །
མི་སེམས་མེ་ལྕེ་དམར་པོ་ལྷམ་ལྷམ་འབར་ཅིང་འོད་ཀྱིས་གཏམས་པར་གྱུར། །
འཇིག་རྟེན་བརྩེ་བའི་ཆུ་ཁོལ་ལྷོག་ལྷོག་གདུ་ཞིང་དྲོད་ཀྱིས་ཁེངས་པར་གྱུར། །
མཛའ་བརྩེ་འོ་ཆུ་འདྲེས་མ་ལྷུང་ལྷུང་འབབ་ཅིང་དལ་གྱིས་བཞུར་བ་ན། །
དྲན་གདུང་རླབས་ཀྱི་ཟེགས་མ་ཆལ་ཆིལ་འཕྱོ་ཞིང་མཁའ་ལ་འཕགས་པ་ན། །
སེམས་ཀྱི་སྤྲིན་པ་དཀར་པོ་ལང་ལོང་གཡོ་ཞིང་དལ་གྱིས་འཁྲིགས་པར་གྱུར། །
སྙིང་གཏམ་ཚིག་གི་ལོ་མ་ལྷབ་ལྷབ་བསྐྱོད་ཅིང་རྒྱང་རིང་ཡུལ་དུ་ཡན། །
དུང་སེམས་ཉི་མ་གཞོན་ནུ་ལམ་ལམ་འཚེར་ཞིང་ཟེར་བརྒྱ་འཕྲོ་བ་ན། །
བརྩེ་སེམས་རི་རྒྱལ་ལྷུན་པོ་ཡམ་ཡོམ་མེད་ཅིང་བརྟན་སེར་བཞུགས་པ་ན། །
མི་ཚེའི་བགྲོད་ལམ་རིང་མོར་ཀྱག་ཀྱོག་མང་ཞིང་དཀའ་ཁག་ཆེ་ན་ཡང་། །
དམ་བཅའ་རྡོ་རྗེའི་མདུད་པར་ལྷོད་ལྷོད་མེད་ཅིང་ཞིག་པ་ཡོད་མ་ཡིན། །
2019.3.24ཉིན་སྦྱར།
དྲན་གདུང་།
སེམས་ཀྱི་གཏིང་དུ་མཛའ་བརྩེའི་མེ་ཏོག་བཞད། །
མེ་ཏོག་དཀར་པོ་རྙིད་མེད་འཐོར་མེད་རེད། །
བརྩེ་བའི་སེམས་སུ་དུང་བའི་ཟེའུ་འབྲུ་སྦྲུམ། །
ཟེའུ་འབྲུ་མངར་མོ་འཛད་མེད་རྙིང་མེད་རེད། །
མི་ཚེའི་ཐུག་ཕྲད་ལས་ཀྱི་རི་མོར་བཀོད། །
རི་མོའི་ཁ་དོག་བསུབ་མེད་དག་མེད་རེད། །
སེམས་ཀྱི་སྐྱིད་སྡུག་སྟོན་ཁའི་གནམ་ངོ་བཞིན། །
གནམ་ངོ་ནམ་འཁྲིགས་ཆ་མེད་རྒྱུས་མེད་རེད། །
མཛའ་བརྩེའི་སེམས་ལ་འབྲི་མོའི་འོ་མ་འཁྱིལ། །
འོ་མ་དཀར་པོ་རྙོག་མེད་ལྷད་མེད་རེད། །
དུང་བའི་སེམས་པར་ཞིམ་མངར་མར་ལོ་ཆགས། །
འབྲི་མར་སེར་པོ་རྙིང་མེད་ཆད་མེད་རེད། །
འགྱུར་མེད་སེམས་པ་ནམ་མཁའ་སྟོང་བ་བཞིན། །
སྟོང་བའི་ཁམས་ཉིད་འགྱུར་མེད་འཇིག་མེད་རེད། །
སེམས་ཀྱི་མཁའ་ལ་དགའ་བའི་ཉི་འོད་འཕྲོས། །
ནམ་མཁའི་ཉི་འོད་སྒྲིབ་མེད་སེལ་མེད་རེད། །
ཡིད་ཀྱི་ནམ་མཁར་དྲན་པའི་ཆུ་འཛིན་འཁྲིགས། །
ཆུ་འཛིན་ལང་ལོང་བར་མེད་ཆད་མེད་རེད། །
ལྷན་འཛོམས་རེ་སྒུག་སྦྲང་ཆར་ཟིལ་མའི་རྒྱུན། །
སྦྲང་ཆར་ཟིལ་མ་ལྷོད་མེད་ཐང་མེད་རེད། །
2019.3.15ཉིན།
ཨ་མ།
རྙེད་དཀའ་དལ་འབྱོར་མི་ལུས་ལན་གཅིག་རྙེད་པ་ཚེ་སྔོན་ལས་ཀྱི་འབྲས་བུ་ཡིན། །
ཕྲད་དཀའ་བྱམས་ལྡན་མ་ལོར་ཚེ་འདིར་ཕྲད་པ་སྐྱེ་བ་འདི་ཡི་བསོད་ནམས་ཡིན། །
ཐོབ་དཀའ་འཁོར་བའི་གྲོང་ནས་བདེ་སྐྱིད་ཐོབ་པ་དྲིན་ཆེན་ཨ་མའི་བཀའ་དྲིན་ཡིན། །
འཇལ་དཀའ་བརྩེ་ཆེན་མ་ལོའི་དྲིན་ལན་འཇལ་བ་མི་ཚེ་གཅིག་གི་རྡོག་ཁྲེས་ཡིན། །
ཐོག་མར་ཟླ་དགུ་ཞག་བཅུར་མངལ་ནས་བསྐྱངས་པ་སྡུག་གི་ཁུར་བོ་ཆེ་ཤོས་ཡིན། །
བར་དུ་ཉིན་མཚན་ཀུན་ལ་བྱམས་པས་བསྐྱངས་པ་སེམས་ཁྲལ་སྟོང་གི་མ་མ་ཡིན། །
ཐ་མར་ལོ་ཟླ་བརྩེགས་ནས་སེམས་ཀྱིས་བསྐྱངས་པ་སྐྱིད་ཀྱི་མགོ་འཕང་གནོན་ཡ་ཡིན། །
འདི་ལྟར་ནམ་ནམ་ཞར་ཞར་ལེགས་པར་བསྐྱངས་པ་མི་ཚེ་གཅིག་གི་ལས་སྐལ་ཡིན། །
སེམས་འདི་ཇི་ལྟར་རྙོག་ཀྱང་བརྗེད་ཐབས་མེད་པ་བརྩེ་ཆེན་ཨ་མའི་གཅེས་སྐྱོང་ཡིན། །
ལུས་འདི་ཇི་ལྟར་རྒས་ཀྱང་བྲལ་ཐབས་མེད་པ་བྱམས་ལྡན་ཨ་མའི་ཐུགས་ཁུར་ཡིན། །
ཡུལ་འདིར་ཇི་ལྟར་བཙལ་ཡང་རྙེད་ཐབས་མེད་པ་དྲིན་ཆེན་ཨ་མའི་བྱམས་བརྩེ་ཡིན། །
ཚེ་འདིར་ཇི་ལྟར་འབད་ཀྱང་གཞལ་ཐབས་མེད་པ་མཚུངས་མེད་ཨ་མའི་སྐུ་དྲིན་ཡིན། །
2019ལོའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་སྦྱར།
ཚེ་སྲོག་གི་ཟློས་གར།
འཁོར་བའི་ཐང་ཆེན་ལས་ཀྱི་སྣང་བས་བསྐྲུན། །
འགྲོ་དྲུག་སེམས་ཅན་ལས་ཀྱི་འབྲས་བུར་སྐྱེས། །
བདེ་སྡུག་གང་ཤར་ལས་ཀྱི་རྣམ་པར་སྨིན། །
འདི་ཕྱི་གཉིས་ཀ་ལས་ཀྱི་ཟློས་གར་རོ། །
སྐད་ཅིག་བདེ་བ་དབང་གཞུ་འཇའ་རིས་ཏེ། །
མི་འདོད་སྡུག་བསྔལ་མ་བོས་མགྲོན་གྱི་ཚུལ། །
སེམས་ཀྱི་ཡོལ་བ་བདེ་སྡུག་རླུང་གིས་སྒུལ། །
ལུས་ཀྱི་ཉམས་སུ་དགའ་སྐྱོའི་རི་མོ་དོད། །
ནང་གི་འཇིག་རྟེན་ཟ་ངེ་ཟིང་ངེ་ལ། །
ཕྱི་ཡི་འཇིག་རྟེན་ཁྲ་ཁྲ་རིག་རིག་མངོན། །
འཛིན་པ་སེམས་ཉིད་བདག་གིར་མ་བཟུང་ན། །
ཕྱི་རོལ་གཟུང་བ་ཕྱི་ཡི་གཟུགས་བརྙན་ཙམ། །
ཡིད་ཀྱི་རྨོངས་པ་མཚན་མོའི་སྨག་རུམ་ལ། །
ཤེས་རབ་སྒྲོན་མེའི་འོད་གསལ་དང་བྲལ་ན། །
སྡུག་གི་རྒྱ་མཚོ་འཁོར་བའི་མེ་འོབས་སུ། །
ཚེ་སྲོག་འདི་ཉིད་གར་མཁན་ལས་ངན་ཞིག །
ནམ་འཆི་ཆ་མེད་རྩྭ་མགོའི་ཟིལ་བ་དང་། །
འཆི་རྐྱེན་ངེས་མེད་སྐད་ཅིག་གློག་འགྱུ་ཡིན། །
འཇིག་རྟེན་མ་ལུས་འགྱུར་བའི་རང་བཞིན་ཏེ། །
ཚེ་སྲོག་འདི་ཉིད་ཟློས་གར་འཁྲབ་ཐེངས་ཤིག །
2019.3.1ཉིན་སྦྱར།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
གཙང་ཞོགས་སྤྲིན་གྱི་2019ལོའི་སྙན་ངག་ཚན་པ་དྲུག