ལོ་ཟླའི་འཁོར་བགྲོད་ཀྱི་རླབས་ཕྲེང་བཙན་པས།
བརྩེ་སེམས་ཀྱི་ཟུངས་ཁྲག་དམར་པོ།
ཉིན་ཞག་དང་ལྷན་དུ། ངང་གིས་བཞུར།
ཕྱིར་ལོག་མེད་པའི་འགྲུལ་བཞུད་ཀྱི་ལམ་བུར།
མངར་སྐྱུར་གྱི་དཀའ་སྡུག་མང་བས།
ཕྱིར་མིག་ཐེངས་གཅིག་གི་རྗེས་སུ།
ཁྱེད། ལང་ཚོས་ཕྱུག་ཡོད་པ་གཞི་ནས་རྟོགས།
ཡབ་མེས་ཚོའི་སྲོལ་རྒྱུན་ལ་ཉམས་ཆག་མེད་ན་ཡང་།
བུ་ཕྲུག་ཐ་མལ་བའི་སྙིང་ཁོངས་ན།
བཙན་པོའི་བང་སོ་ཡང་སྙིགས་རོ་བཞིན་བསྐྱུར་ལ།
ནམ་རྒྱུན། རྣམ་གཡེང་ལ་མཁོ་བའི་སྦག་ལྕོག་གྲུ་བཞི་དེ།
ཆང་རག་དང་ལྷན་དུ། ཐ་མག་གི་འདུ་ལོང་ཁྲོད།
ཧྲག་སྒྲ་ལྷག་པར་སྙན་པས། ཕྱིར་མིག་ཐེངས་གཅིག་གི་རྗེས་སུ།
ཕ་བུའི་དམ་ཚིག ནུབ་ལྷག་ངར་མས་གཡོ་བ་ཐོས་པས།
ཉེ་འབྲེལ་གྱི་མཛའ་བརྩེ། ཆུ་ཐིགས་ཕྲ་མོས་བསྣུབས་པའང་ཚོར་བྱུང་།
དངུལ་དམར་གྱི་འཁྲུལ་སྣང་ཤིན་ཏུ་ཆེ་བས།
བྱིས་པ་ལོ་བརྒྱད་ཚོས་ཀྱང་། སེམས་པ་དངུལ་སྨར་ལ་གཏད་ཀྱིན།
སློབ་སྦྱོང་གི་དྲི་རྟགས། ཉིན་རེ་བཞིན་ལྷོད་ལ་སོང་།
ཕྱིར་མིག་ཐེངས་གཅིག་གི་རྗེས་སུ།
བྱིས་པ་ཚོའི་ངག་ནས་ཟློ་བ་ནི།
སན་ཏུང་རྫི་མོང་དང་། གསུམ་སྒྲོན་ཞབས་བཏགས་ཀྱི་ཁྲོད་ན།
མི་ཚེ་ལ་རྟོགས་འགྱུ་མང་བས།
བུ་ཕྲུག་གི་མདུན་ལམ་དངུལ་ལ་འཕྱོ།
ཕ་མའི་རེ་བ་ཀུན་དགའ་དོན་འགྲུབ་ཀྱིས་བསྒྱུར།
སྤུན་ཉེ་ཚོས་རྟོགས་པ་ནི། དངུལ་སྨར་གྱི་ཁ་གྲངས་ཙམ།
འདིས་རང་ཉིད་ལ་གནོད་པའི་གྱོང་གུད་མི་རྟོགས་པས།
ཕྱིར་མིག་ཐེངས་གཅིག་གི་རྗེས་སུ།
དངུལ་ཡོད་ན་ཐམས་ཅད་འགྲུབ་ཀྱང་།
དངུལ་མེད་ན་ཐམས་ཅད་མི་འགྲུབ་པའི་གནས་ལུགས་རྟོགས་སོང་།
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
གྲོང་ཁྱེར་གྱི་འགྲུལ་བཞུད།