སྔོ་བསངས་སྐབས་གསུམ་ལམ་ནས་གློ་བུར་དུ།།
རབ་གསལ་རྒྱུ་སྐར་འོད་ཆེན་མདངས་ལྡན་ཞིག།
དབྱིག་ལྡན་ནོར་འཛིན་ཡངས་པའི་ཕང་བར་ལྷུང་།།
ས་གཞི་ཆེན་པོར་མུན་པས་གཡོགས་དང་མཚུངས།།
རྨ་ཡུལ་གཏེར་སྒྲུང་གྲགས་ཅན་གུར་རྒྱན་མཆོག།
སྐུ་ཚེ་རྫོགས་པའི་གཏམ་ངན་སྙིང་གཟེར་བ།།
སྒྲ་འཛིན་ལམ་དུ་དབང་མེད་ཐོས་པས་ན།།
ཡིད་སེམས་གཏིང་དུ་སྐྱོ་བའི་སྨུག་ལོང་འཕྱུར།།
གནམ་འདེགས་ཀ་ཆེན་ལྟ་བུའི་སྐྱེས་བུ་ཁྱོད།།
གེ་སར་རིག་པའི་ཀློང་ན་འགྲན་ཟླས་དབེན།།
ཉིད་ཀྱི་གླིང་སྒྲུང་བྲག་རི་ཇི་བཞིན་དུ།།
མཆིས་པའི་རྒྱུན་འཛིན་ཕྱི་རབས་སུ་ཞིག་བྱ།།
བགྲང་བྱ་སུམ་ཅུའི་གེ་སར་སྲུང་སྐྱོབ་ཁྲོད།།
ངེད་ཅག་ལྷན་དུ་ཡུལ་ཁམས་གང་མང་འགྲིམས།།
ཁྱེད་ཀྱི་སྐད་གྲགས་འཛམ་གླིང་ཡོངས་སུ་ཁྱབ།།
བསྔགས་པའི་མེ་ཏོག་འཛིན་མའི་ཁྱོན་དུ་འཐོར།།
གཏེར་སྒྲུང་འགའ་རེ་བོད་ཡུལ་ཀུན་ན་མཆིས།།
ཕྱི་ཚུལ་རྣམ་པ་ཀུན་ལས་རབ་མཛེས་ཤིང་།།
ངག་རྟ་སྙན་མོ་ཡིན་ཅེས་སིང་སིང་སྒྲོག།
ཉིད་ལ་འགྲན་ནུས་སྒྲུང་མཁན་ཡོད་རེ་སྐན།།
ཁྱོད་ལགས་སྐུ་ན་ཕྲ་དུས་ཡབ་ཡུམ་ཟུང་།།
སྐུ་ཚེའི་འཕེན་པ་རྫོགས་པས་དྭ་ཕྲུག་གྱུར།།
མཐའ་མར་བདག་མེད་གཙོད་ཕྲུག་བཞིན།།
རྫ་སྒང་རི་ལུང་མི་ལྡོམ་ཐབས་མེད་བྱུང་།།
དཀའ་བ་སྟོང་གིས་གདུང་སྟེ་ཡུལ་ཕྱོགས་གཞན།།
འཁྱམས་ནས་དྲིན་ཅན་མ་ལོར་རིམ་གྲོ་བསྒྲུབས།།
ཕྱིས་སུ་ཐབས་ཟད་འུ་ཐུག་འོབས་སུ་ལྟུང་།།
ཕ་ཡུལ་དགའ་བདེ་ཕྱོགས་སུ་སྐྱོད་དགོས་བྱུང་།།
དེ་ནས་ཁྱིམ་གྱི་སྦྲ་ནག་སྣོད་ཅ་སོགས།།
གཅིག་ཀྱང་མ་ལུས་ལུང་སྔོན་དགོན་པར་ཕུལ།།
ཉིད་ཀྱང་དགོན་སྡེར་འགྲིམས་ནས་དགེ་ལ་བརྩོན།།
འཚོ་བ་གསར་བ་ཞིག་གི་འགོ་བརྩམས་བྱུང་།།
ལོ་ན་ཕྲ་ཡང་བློ་རིག་རྣམ་པར་གསལ།།
དམ་པའི་ཆོས་ལ་དད་པ་ཟློག་མེད་མཆིས།།
རིག་གནས་སློབ་པའི་སྲེད་པ་ཀུན་ལས་མཆོག།
ཀུན་དང་མཐུན་པའི་རང་གཤིས་ལྷན་སྐྱེས་མངའ།།
ཡིན་ཡང་དུས་ཡུན་རིང་བོ་འདས་པའི་མཐར།།
གླིང་སྒྲུང་འབྲི་འདོད་བློ་འདུན་དབང་མེད་སྐྱེས།།
གེ་སར་རིག་གནས་འཚོལ་བའི་སྤོབས་པས་བསྐུལ།།
དགོན་པའི་ཚོགས་ལས་འབྲལ་རྒྱུའི་སེམས་ཐག་བཅད།།
དེ་ནས་སྡོམ་པ་སླར་འབུལ་བྱས་པའི་ཐོག།
དགའ་སྐྱོ་གཉིས་ལྡན་ངང་ནས་གྲོང་སྡེར་ཆས།།
སྒྲུང་དང་སྒྲུང་རྟ་མང་པོ་ཡིད་ལ་ཤར།།
གཟུགས་མེད་ལྷ་ཡིས་རོགས་འདེགས་བགྱིས་ཅེས་སྐད།།
གནས་ཡུལ་གང་དུ་ཆས་ཀྱང་གེ་སར་སྒྲུང་།།
མགུར་གླུ་བཅས་བ་སྦྱང་བརྩོན་ལྷོད་མེད་གནང་།།
གྲོང་བའི་བྱིས་པར་སློབ་ཁྲིད་ལོ་མང་བྱས།།
འབྱོར་ལྡན་ཁྱིམ་ལ་ནོར་དང་ལུག་རྫི་བགྱིས།།
སྐུ་ཉིད་དགུང་ལོ་བཅུ་དྲུག་སླེབས་པའི་དུས།།
དགོངས་གཏེར་བློ་སྒོ་འབྱེད་པའི་དུས་ལ་བབ།།
ཐོག་མར་གླིང་སྒྲུང་མི་མིན་དངུལ་རྫོགས་བྲིས།།
ཚེ་གཅིག་སྐྱ་ཡ་ཏ་རེ་སྐྱིད་ལ་སྤྲད།།
དེ་ནས་གླིང་སྒྲུང་འབྲི་འདོད་འགོག་མེད་འཕེལ།།
གླིང་སྒྲུང་གསར་བ་བརྒྱ་དང་ཉི་ཤུ་ཡི།།
ཁ་བྱང་ཆད་མེད་ཤར་མར་འབྲི་གནང་མཛད།།
ཆེད་མཁས་གང་མང་ངོ་མཚར་ཧ་ལས་བྱུང་།།
མཁན་ཆེན་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ཀྱང་།།
ཁོང་གི་སྙན་པ་གསན་ནས་ངོ་མཚར་སྐྱེས།།
གསེར་རྟ་བླ་རུང་སྒར་དུ་གདན་དྲངས་ཤིང་།།
གླིང་སྒྲུང་སྙན་མོ་འཆད་དེ་ཡིད་སེམས་བསྒུལ།།
སྐུ་ཉིད་གཏེར་སྒྲུང་གྲགས་ཅན་ཡིན་མ་ཚད།།
མི་གཤིས་དྲངས་མོ་ཉག་ཕྲན་མདའ་དང་མཚུངས།།
གཞན་ཕན་སྒྲུབ་ལ་དཀར་བོའི་ལྷག་བསམ་མཆིས།།
ཀུན་གྱིས་བསྔགས་པའི་མཐེ་བོང་མཐོན་པོར་བསྒྲེངས།།
གེ་སར་རིག་པའི་ཡོན་ཏན་དཔངས་མཐོ་ཞིང་།།
མཚན་སྙན་ཕྱོགས་བཞིར་རླུང་ལྟར་ཁྱབ་ན་ཡང་།།
ང་རྒྱལ་ཁེངས་དྲེགས་ཏིལ་ཙམ་གང་ན་མཆིས།།
ནམ་ཡང་ཞི་དུལ་ངང་ནས་གཞན་ལ་བཀུར།།
ཁོང་གི་ངོ་མཚར་ཅན་གྱི་མཛད་རྗེས་ལ།།
ཁུལ་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས།།
བསྔགས་པའི་མཚན་སྙན་གང་མང་གནང་ལས་གཞན།།
རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཐེངས་གཉིས་བཞེས།།
མགོ་ལོག་ཡུལ་མཆོག་འདི་ན་སྒྲུང་པའི་རིགས།།
བབས་སྒྲུང་པྲ་སྒྲུང་ལ་སོགས་མང་ན་ཡང་།།
རྒྱལ་ཁབ་ལས་བྱེད་གྲས་སུ་ཞུགས་མི་སྟེ།།
ཁོང་ལས་གཞན་མི་གཅིག་ཀྱང་མེད་པ་འདྲ།།
ད་ལྟ་གེ་སར་རིག་གནས་རྒྱུན་འཛིན་པ།།
སོ་སོའི་ཡུལ་ན་མཐོང་རྒྱུ་ཡོད་མོད་ཀྱང་།།
རྒྱལ་ཁབ་རིམ་པའི་རྒྱུན་འཛིན་མི་སྣ་སྟེ།།
ཁོང་ལས་གཞན་མི་གྲགས་ཅན་གང་ན་ཡོད།།
སྒྲུང་དཔེ་གྲངས་ཀ་འབོར་ཆེན་འཆད་ཤེས་པའི།།
སྒྲུང་པ་སྐད་གྲགས་ཅན་རྣམས་ཡོད་ན་ཡང་།།
ད་ལྟ་དངོས་སུ་སྒྲུང་དཔེ་སུམ་ཅུ་ལྷག།
པར་སྐྲུན་མཛད་པའི་སྒྲུང་མཁན་ཉིན་སྐར་བཞིན།།
ཁོང་ལགས་བདེ་བ་ཅན་ལ་གཤེགས་ཟིན་ཀྱང་།།
འཇིག་རྟེན་མི་ཡུལ་འདི་ན་ངོམ་ཆོག་པའི།།
ལག་རྗེས་རིན་ཐང་གཞལ་མེད་བསྐྲུན་འདུག་པས།།
དེ་འདྲར་སྐྱོ་སྡུག་དྲག་པོས་མནར་དོན་མེད།།
ཡིན་ཀྱང་གེ་སར་རིག་པ་སྐྱོང་མཁས་པའི།།
ཁྱེད་ཉིད་གློ་བུར་ཁ་བྲལ་བྱུང་བ་འདིས།།
བདག་ཅག་ས་གནས་དང་ནི་རྒྱལ་ཁབ་ལ།།
གྱོང་གུད་ཆེན་པོ་བཟོད་བསྲན་མེད་པ་བཟོས།།
ངེད་གཉིས་གེ་སར་རིག་གནས་ལམ་ཆེན་དུ།།
མཉམ་དུ་ཡུན་རིང་སྡོངས་པའི་བློས་ཐུབ་གྲོགས།།
ཁྱེད་ལ་གཞར་ཡང་རྗེས་དྲན་ཞུ་དང་ལྷན།།
ཁོ་བོའི་སྙིང་ཁོང་དབུས་སུ་བཞུགས་ངེས་ལགས།།
འཁོར་བའི་རིགས་དྲུག་ལམ་གང་སྙེག་མིན་ཏེ།།
རང་ཉིད་ལས་ཀྱང་མི་སུས་བསྒྱུར་དཀའ་མོད།།
བདེ་འགྲོ་ལམ་དུ་མ་འགྱངས་སྐྱོད་པ་དང་།།
སྒྲུང་མཁན་ཞིག་གི་སྐྱེ་ལུས་ལེན་པར་སྨོན།།
སྤྱི་ལོ2019ལོའི་ཟླ5ཚེས15ལ་གནའ་མཁར་ཟི་ལིང་གི་རང་ཤག་ཏུ་ཐོལ་བྱུང་དུ་སྦྱར་བ་དགེ་གྱུར་ཅིག་གུ།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
གཏེར་སྒྲུང་པ་གྲགས་ཅན་གུ་རུ་རྒྱལ་མཚན་མཆོག་ལ་སྙིང་ནས་མྱ་ངན་ཞུ།