མིག་འོད།
ཁྱོད་ཀྱི་མིག་འོད་ཀྱིས་རླུང་བུ་ཞིག་བསིལ་བསིལ་ལྡང་བ་ཚོར
ཁྱོད་ཀྱི་མིག་འོད་ཀྱིས་ལོ་མ་ཞིག་ས་རུ་ཟགས་པ་ཚོར
ཁྱོད་ཀྱི་མིག་འོད་ཀྱིས་ལྗོན་པ་ཞིག་ཁེར་རྐྱང་དུ་ལུས་པ་ཚོར
འོན་ཀྱང ཁྱོད་ཀྱི་མིག་འོད་ཀྱིས
ཁྱོད་ཀྱི་མིག་འོད་ཀྱིས་བྱེའུ་ཆུང་ཞིག་ལ་ཚང་མལ་མེད་པ་ཡེ་ནས་མ་ཚོར།
ལྡེ་མིག
རྐང་གཉིས་ས་ལ་བཙུགས
མིག་ཟུང་རྒྱང་དུ་གཏད
ས་རྡུལ་ཁྲོད བྲང་ཁོག་ཁ་ཕྱེ་སྟེ
ས་ཆེན་གྱི་བརྩེ་བའི་ཁ་བ་དང
སྣང་བའི་རི་མོ་དག་དྲན་པའི་ནང་དུ་བཅུག
སུ་ཞིག་གི་མྱོས་བུམ་དང་མཆུ་སྒྲོས
ས་སྲོད་ཀྱི་གདང་ལ་བཏེགས་ཤིང་འབྱར
རི་བོའི་ཕར་རྒྱབ་ནས དུས་ཚོད་ཅིག་མངོན
དུས་ཚོད་ཀྱི་མདའ་ཁབ་རྩེ་ནས་རེ་བའི་ཁྲག་ཐིགས་འཛར
ཕྱི་རོལ་གྱི་ལྗོན་པ་གཅེར་བུ་དག
གྲང་རླུང་གི་རལ་གྲི་གང་གིས་ཀྱང་གཏུབ་གཅོད་མ་ཐུབ
ནང་སེམས་ཀྱི་སྡུག་བསྔལ་ལ་ལྕགས་ཟྭ་བརྒྱབ་པའི་ལྡེ་མིག
རྒྱང་རིང་ཡུལ་དུ་གྱར་བས
མཚན་མོས་མུན་ནག་ཁྲོད་སྙན་ངག་ཟེར་བའི་ལྡེ་མིག་ཅིག་གནང་སོང་།
རྒྱང་རིང་།
ཚེ་སྲོག་རེ་རེ་ལ་སྐྱེ་འཆི་བགྲང་ལས་འདས་པ་ཡོད་ཀྱང
ཆོས་ཉིད་ཀྱིས་གཏུབ་གཅོད་མི་ཐུབ་ཅིང
རང་བྱུང་གི་སྡོམ་རྒྱ་གང་གིས་ཀྱང་འཛིན་རེག་བྲལ་བ་ནི
སྐྱར་ཟློས་ཀྱི་འཚོ་བའི་ཁྲོད་དུ
བྱ་དངོས་གང་ལ་རྣམ་ཤེས་འཁྱིལ་བ་ནས
འཇིག་རྟེན་གྱི་རྒྱང་རིང་ལ་མཐའ་མེད་པ་དེའོ།།
དུས་ཚོད།
སྟོན་སླེབས་ཚུལ་གྱི་འགྱུར་བཟོ་དོད་པོ་དེས
ལོ་མ་ཤོག་བུ་བྱས་ཤིང
ལྗོན་པ་སྨྱུ་གུ་ཡིན་པའི་ཟིན་ཐོ་རེ་རེ
རླུང་བུས་རྒུམ་ཚུལ་ལ་གོ་རིམ་མི་འདུག
ཁྱེད་ཀྱི་ཞེ་ལ་ཐོགས་པའི་ན་ཟུག་གིས
ལྕགས་ཀྱི་གཟེར་མ་གངས་རིའི་སྤོ་རུ་བརྒྱབས་པས
ཁྲག་གི་ཐིགས་པ་རེ་རེས་ས་ཆེན་པོའི་སྙིང་ཁ་བརླན་ཞིང་གཤེར
སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁའ་དང་སྤྲིན་པས
ཆུ་མོར་བརྡོལ་བའི་ཡིག་འབྲུ་ཀུན
ནམ་མཁའ་དང་སྤྲིན་པའི་རྡང་ལ་བཏེགས་ཤིང
རྣར་གཟན་ཞིང་མིག་བརྩེ་བའི་གཏམ་རྒྱུད་ཡོད་ཚད
ཁྱེད་ཀྱི་དཀར་ཡོལ་འབྲུག་མའི་ཇ་ཕོར་ནང་དུ་ཉར་ཅིང་མཆིས
སྟོན་ལོ་སྟོན་ལོའི་སྟེང་དུ་ཞོན
རླུང་བུ་རླུང་བུའི་རྗེས་སུ་གཤེགས
དུས་ཚོད་ཁོ་ནས་གྲོང་ཚོ་ཆུང་ཆུང་འདི་བསྡམས་ཤིང་བཀྱིགས་པས
ཁྱེད་ཀྱི་རྒྱབ་ཕྱོགས་སུ་གངས་རི་ཡོད་མེད་སུ་ཡིས་བསྙོན
དུས་ཚོད་ཀྱི་ཚེ་སྲོག་མདའ་ཡིས་བཀུམས་པའི་བཙན་པོ་སུ་ཞིག་གདའ
སུ་ཡིས་ཀྱང་འོད་ཟེར་གྱི་འདོགས་ཐག་གློད་མི་སྲིད་དེ
ཉི་མ་དང་ཟླ་བའང་དུས་ཚོད་ཁོ་ན་ལ་དབང་ངོ་།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ས་དཀྱིལ་ཚེ་བཀྲའི་སྙན་ངག