ཀྲུང་གོ་བོད་ཀྱི་དྲ་བ།

འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག

  རྩོམ་པ་པོ། : རྩོམ་པ་པོ།དོན་འགྲུབ་རྒྱལ།   སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཛེས་སྡུག

མཚར་སྡུག

སྙིང་སྡུག


སྲིད་པ་ཆགས་པའི་ཚུན་ཆད་དུ།

ཡིད་དུ་འོང་བའི་ལོ་རྒྱུས་ཀྱི་བྱུང་བ་དང་།

སྙིང་དུ་སྡུག་པའི་བཀའ་བསྟན་གྱི་མཛེས་མ།

བརྗེད་བར་དཀའ་བའི་ཤེས་བྱ་ཡི་བང་མཛོད་ཅི་འདྲའི་མང་པོ་ཞིག་བྱུང་ཡོད་པ་རེད་ཨང་།


རང་རེའི་མི་རིགས་འདི་ཡང་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ལས་གྲུབ་པ་ཞིག་ཡིན་ངེས་ལ།

རིག་དར་གྱི་རྣམ་ཤེས་དང་།ལ་རྒྱ་ཡི་བླ་སྲོག

སེམས་བྱུང་གི་འདུ་ཤེས།

རྙེད་པར་དཀའ་བའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཡི་བེམ་པའི་ལུས་དང་།

རྣམ་ཤེས་གཉིས་ཀྱི་འཕྲད་སྦྱོར་གྱི་སྒྱུ་མའི་གར།

གཟུང་འཛིན་ཡུལ།

ཐབས་ཤེས་ཟུང་ལ་བརྟེན་ནས།

བསིལ་ལྡན་གྱི་ཡུལ་འདིར་ཁྱིམ་གཞི་ཆགས་པ་མ་ཡིན་ནམ།


ངོ་མ། 

སྨྲ་ཤིས་ཤིང་དོན་གོ་བའི་མཚན་ཉིད་མ་ཚང་གོང་ལ།

རང་རེའི་མེས་པོ་སྟེ

སྤྲེའུ་བྱང་ཆུབ་སེམས་དཔའ་དང་།

ཇོ་མོ་ཁྲོ་གཉེར་མའི་སྤྲུལ་བ་བྲག་སྲིན་མོ་གཉིས་ཀྱི་ངོ་མཚར་ཞིང་གཞན་གྱི་བློ་ཡུལ་ལས་འདས་པའི་ངག་རྒྱུན་ཡོད་པ་དང་།

ཁོང་ཚོའི་བུ་རྒྱུད་རྣམས་དབེན་པའི་ནགས་ཁྲོད་དང་།

ཡངས་པའི་སྤང་ཐང་།ས་སྟོང་ལུང་སྟོང་དུ།

གོས་སུ་ཤིང་ལོ་གྱོན་པའི་སྐབས་ཀྱང་ངེས་པར་དུ་ཡོད་སྲིད་མོད།

འོན་ཀྱང་། དེ་ནི་ལོ་རྒྱུས་ཀྱི་དཔང་བོ་ཡིན་པ་དང་།

སྔོན་བྱུང་གི་དྲན་རྟགས་ཀྱང་རེད།


ཀྱེ་ཀྱེ། 

གྲོགས་པོ་ལགས།

ཤ་བ་ཙམ་གྱིས་གཅན་གཟན་དུ་འགྱུར་མི་རུང་བ་དང་།

གདོང་དམར་བ་ཐམས་ཅད་སྤྲེའུའི་རིགས་ག་ལ་ཡིན།

སྔོན་གྱི་ཚེ་ཡང་།

ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་ཞེས—

སྙན་གྲགས་ཀྱི་བ་དན་དགུང་དུ་བསྐྱོད་མྱོང་ལ།

དཔའ་རྟུལ་གྱི་མཛད་རྗེས་ནི—

རྒྱ་གར་འཕགས་པའི་ཡུལ།

མ་ཧ་ཙི་ནའི་ཁམས།


གཞན་ཡང་།

བལ་བོ་དང་།ཁ་ཆེ།འབྲས་ལྗོངས་དང་།འབྲུག་ཡུལ་སོགས་ན་ཡང་།

སྤྲིན་གྱི་སྒྲ་དབྱངས་དང་།པི་ཝང་གི་སྒྲ་དབྱངས།དྲི་ཟའི་གླུ་དབྱངས།

དབྱངས་ཅན་གླུ་དབྱངས་ཇི་བཞིན་སྒྲོག་པ་ཁྱེད་ཀྱིས་ཨེ་ཚོར།

ཡིན་ན་ཡང་།

བསམ་བློ་གསར་པ་ཞིག་དང་།ལྟ་བ་གསར་བ་ཞིག

འདོད་ཚུལ་གསར་བ་ཞིག ལུགས་སྲོལ་གསར་པ་ཞིག—

སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་སུ་གདན་འདྲེན་རྒྱུ་ནི།

བསེ་རུའི་ར་དང་།

རུས་སྦལ་གྱི་སྤུ།མཁའ་ཡི་པད་མོ།

ས་ཡི་འཇའ་ཚོན་བཞིན་དུ་དཀའ་བ་འདི་ཁྱེད་ཀྱིས་ཨེ་ཤེས།


རེད་ཡ།

རྙིང་ཞེན་གྱི་མཁའ་དབྱིངས་འདིར།

བག་ཆགས་ཀྱི་ཆུ་འཛིན་ལང་ལོང་གཡོ་བ་དང་།

བག་འཁུམས་ཀྱི་གློག་ཞགས་ཤིག་ཤིག་ཏུ་འཁྱུག་པ་ལྟར་སྣང་ཡང་།

སྔོན་ཐོན་གྱི་སྦྲང་ཆར་ཟིམ་ཟིམ་དུ་འཇོ་བའི་སྐལ་བ་ནི་ཕྲ་ཙམ་གདའ།

ཡིན་ནའང་།མི་རིགས་ཀྱི་རེ་བའི་རླངས་པ་ནི་མཁའ་ལ་འཕྱུར་ངེས་ཡིན་པ་དང་།

གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ཡང་ལྷོ་ནས་ལྡིང་ངེས་ཡིན་ལ།

ཡུལ་འཁྱར་བ་དང་གནས་སྡོད་པའི་གཞིས་བྱས་ཀྱང་ལྷང་ལ་འབུད་ངེས་རེད།


བློ་མ་ཕམ།གསར་སྐྱེས་གཞོན་ནུ།

རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པ་བདེན་དུ་ཆུག་ཀྱང་།

ཞལ་ལྕེ་དགའ་གསུམ་དང་འདར་གསུམ་ཡོད་པས།

ཁྱོད་བློ་ཅི་ལ་ཕམ།སེམས་མ་སྡུག


ཀྱེ་ཀྱེ། 

གྲོགས་པོ་ལགས།

གངས་ཅན་གྱི་གཞོན་ནུ།

གསར་གཏོད་ཀྱི་སྟོབས་མེད་ན།

དྲང་བདེན་ཟེར་བ་ཡང་མེད་ལ།

རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད།


འོན་ཀྱང་།

ངའི་མིག་ལམ་དུ་སྣང་བ་ནི—

བདེ་སྐྱིད་ཀྱི་བདུད་རྩི་ཡིན་པ་དང་།

ངའི་རྣ་ལམ་དུ་ད་ལྟའང་ད་དུང་འགེངས་པ་ནི—

མ་འོངས་པའི་འཚོ་བ་ཡིན།


འདི་ནི། 

ངའི་སེམས་ན་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ལ།


འདི་ནི། 

ཕལ་ཆེར་ཁྱེད་རང་ཚོའི་སེམས་ན་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ཀྱང་སྲིད། །

སྤྱི་ལོ༡༩༨༥ལོའི༧པའི་ཚེས༢༡ལ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།