ས་དཀྱིལ་ཚེ་བཀྲ། རེབ་གོང་ས་དཀྱིལ་སྡེ་བར་སྐྱེས་ཤིང་། ད་ལྟའི་བར་དེང་རབས་བོད་ཀྱི་ལྷུག་རྩོམ་སྙན་ངག་གཙོ་བྱས་སྙན་ངག་གི་བརྩམས་ཆོས་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་གི་ཚགས་དེབ་དང་དྲ་བ་སོགས་སུ་བཀོད་དང་འགོད་མུས་སུ་མཆིས་ལ། སྙན་ངག་དང་ལྷུག་རྩོམ་རེ་འགའ་དབྱིན་ཇི་དང་རྒྱ་ཡིག་སོགས་སུ་བསྒྱུར་ཡོད། 2002ལོར་སྙན་དེབ་ཐོག་མ་《ཕུག་རོན་གྱི་རྣམ་ཤེས་》ཞེས་པ་པར་བསྐྲུན་བྱས་ཤིང་། 2016ལོའི་ཟླ་8པར་མི་རིགས་དཔེ་སྐྲུན་ཁང་ནས་ལྷུག་རྩོམ་དེབ་《ཕར་རྒྱབ་ཀྱི་ལོ་ཟླ་》པར་བསྐྲུན་བྱས།
ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་ཡིན།
ཟླ་དགུ་བ།
ཟླ་དགུ་བར ཕར་རིའི་སྤོ་རུ་བཙུགས་ཤིང
ཚུར་རིའི་རྡང་ལ་བཏེགས་པའི་བརྩེ་བ
ཆུ་མོའི་གཞོང་དུ་འབབ
ཟླ་དགུ་བ་ནི་ལྡེབས་རིས་ཤིག་རེད
གླུ་གཞས་ཤིག་རེད སྙན་ངག་ཅིག་རེད
ད་དུང་མཛེས་སྡུག་གི་རྨི་ལམ་ཞིག་ཀྱང་ངོ
ནམ་མཁའ་སྔོ་ཡུག་ཡུག་གི་མེ་ལོང་ཞིག
ས་གཞི་སེར་ལམ་ལམ་གྱི་ས་སྲོད་ཅིག
ཡུལ་མི་ཚོའི་རྔུལ་ཆུ་དག
གསེར་གྱི་གཞོང་བའི་མཐིལ་དུ་ཐིག་ལེར་འགྲིལ
ས་གཞི་དང་ནམ་མཁའ་ཧྲིལ་བོར་ཚོན་མདངས་བཀྲ
གྲོང་ཚོ་དང་རི་ཆུའང་ཚོན་མདངས་ཉིད་དེ
ནོར་ལུག་དང་སྟོན་ལོའང་ཚོན་མདངས་བཀྲ་བའི་སྐར་ཚོམ་དང་མཚུངས
ཟླ་དགུ་བས སུ་ཡི་ཞེན་ཆགས་དང་ལོངས་སྤྱོད་ཁྱེར་ནས་འགྲོ
ཁ་རོག་གེར ཁ་རོག་གེར
སྣུམ་ཚོན་གྱི་རི་མོ་ཞིག་ཁྱུར་མིད་བཏང་རྗེས
བསིལ་རླུང་གིས་རལ་གྲི་ཞིག་འཕྱར་ཅིང་འོང
མེ་ཡི་ཐ་སྙད་ཚོགས་འཇིགས་སླ་བའི་རལ་གྲི་དེ་ལ་དངོ་མི་འདུག་ཀྱང
རི་ཆུར་རྡེག་ནས་རྨས་པར་བྱེད
ཉི་འོད་འགེམ་ནས་བསྣུན་བར་བྱེད
ཏག་ཏག དུས་ཚིགས་འདིར
ལོ་ཟླ་གྲངས་མེད་འདས་རྗེས་ཀྱི་དུས་ཚིགས་འདིར
རྗེས་ལུས་ཐེབས་པའི་ཁུག་རྟ་ལྷོ་ཕྱོགས་སུ་འཕུར
ལོ་ལེགས་བྱུང་བའི་འབྲུ་རླབས་དྲག་ཆར་གྱིས་བསྡུ
བརྩེ་བ་འཕྱུར་བའི་སྙན་ངག་པས་རང་ཤི་བརྒྱག
རེ་བ་དང་ཉམ་ང་འཁུར་བའི་སྟོན་ལོ་རྒྱང་དུ་བཞུད
ཟླ་དགུ་བ ས་ཆེན་ལ་སྡུག་ཡུས་ཁོ་ན་བསྐྱུར ཟླ་དགུ་བ།
ཁེར་རྐྱང་།
ཁ་བ་བབས་རྗེས ས་ཆེན་གྱི་བྲང་ངོས་སུ་རི་མོ་བྲིས་ཆོག་ཀྱང
ཆར་བ་བབས་རྗེས ས་ཆེན་གྱི་བྲང་ངོས་སུ་ཚོད་བགམ་ཇི་ལྟར་བྱ
འཚོ་བ་ནི་བྱེ་ཟེགས་ཀྱི་རླབས་རིས་རིམ་པར་མངོན་པའི་ལོ་ཟླ་སྟེ
མུན་པའི་བརྩེགས་རིམ་བརྒལ་བའི་འོད་ཀྱི་ཐིག་ལེ
ཁེར་རྐྱང་དང་རྗེན་རྗེན་དུ་འགྲེང་བའི་གྲིབ་གཟུགས་ནག་པོའི་རྒྱབ་ལོགས་སུ
རླུང་གིས་བདས་ཤིང་རྒྱང་དུ་གྱར་བའི་ལོ་མ་ཁེར་འགྲོས་བཞིན
སུ་ཡི་སྙིང་ལ་སིམ་འགྲོ དྲན་པའི་ལྡེབས་སུ་བཀལ་ཡོད
དབྱར་གྱི་ཞོགས་པ་ལྟ་བུའི་དུས་ཚིགས་ཤིག་ལ
ཆར་བ་བབས་རྗེས་འཇའ་རིས་འཚེར་དུས
རྨི་ལམ་ལྟ་བུའི་དྭངས་གཙང་གི་རྩྭ་ཟིལ་ཁོ་ན
ཤེལ་གྱི་བུམ་པར་བསྐྱིལ་བའི་དྲན་ཤིང་གི་བུ་ལོན་ཉིད
སེམས་ཀྱི་ཆར་ཆུའི་ཐིགས་པ མཚན་མོའི་ཆར་ཆུའི་ཐིགས་པ
ལག་ཟུང་གི་འཁྱོར་བའི་ནང་བཅུ་ཐབས་བྲལ་བའི་མཚན་མོ་འདིར
གས་ཆག་ཤོར་བའི་ཟླ་བ་མཐོང་རྒྱུ་མི་འདུག
ས་ཆེན་པོར་ཁྲུས་གསོལ་གནང་བའི་ཆར་བ་ཟམ་ཟིམ་གྱིས
སྒོ་དང་སྒེའུ་ཁུང་བརྟོལ་ནས
སུ་ཡི་སེམས་ཁོང་བརླན་ཡོང
ཆུ་ཐིགས་འཛར་བའི་དུས་ཚོད་ཀྱི་གདོང་གའམ
སེམས་ཀྱི་སྒོ་ཆེན་ཕྱེས་པའི་ནམ་མཁའི་མཐའ་རུ
རི་ཚོགས་ཀྱི་གྲིབ་གཟུགས་ནག་པོ་རིང་ནས་རིང་དུ་ཕྱིན་ཅིང ཡང་བསྐྱར
རིང་ནས་ཉེ་རུ་བཅར་གྱིན་པའི་སྣང་བ་བན་བུན་འདི
ཚེ་སྲོག་གི་མཐའ་ལ་ཟུག་པའི་འཇའ་འོད་བཞིན
སྲོད་ཀྱི་དབྱིངས་ལ་དཔྱངས་པའི་ཉི་འོད་དང་ཀུན་ནས་མཚུངས
རྒྱུན་པར སྐྱ་རེངས་དང་ས་སྲོད་ལས
སྐྱེ་འཆི་ཡི་ལྡེབས་རིས་ཤིག་སྣང་བ་བཞིན
དོ་ནུབ ཆར་བའི་ཤག་སྒྲ་ལས
མཆི་མ་འཁོར་བའི་མིག་ཟུང་ཞིག་དྲན་ནའང
མུན་པའི་ཁ་དོག་ལས
འོད་སྣང་སྦྲུམ་པའི་ཞོགས་པ་ཞིག་ཡེ་ནས་མ་མཐོང་།
སར་ལྷུང་བའི་ལོ་མ།
སྟོན་མཇུག་གི་རླུང་བུ་ཕ་ཡུལ་ཕྱོགས་སུ་གཡུག
ཕ་ཡུལ་གྱི་ནམ་མཁའ་དང་ས་གཞི་མྱ་ངམ་གྱིས་གཟིར
སྐྱེ་འཆིའི་འདམ་ལ་དཔྱངས་པའི་ཆུ་ཚོད་དག་དྲན་ཚེ
གཟེར་བྲང་བྲང་གི་སེམས་པར་ནོངས་པ་འགོག་མེད་དུ་འཕྱུར་འོང
སར་ལྷུང་བའི་ལོ་མར
སྐྱེས་སྟོབས་ཀྱི་མྱུ་གུ་དང་ཡིད་འོང་གི་འདབ་ལོ་རྒྱས་སྐད
མི་སེམས་ལ་རེ་བ་དང་ཁོར་ཡུག་ལ་མཛེས་སྡུག་བསྣན་མྱོང
ཚ་གདུག་ལ་བསིལ་གྲིབ་དང་ཚེ་སྲོག་ལ་ལང་ཚོ་བསྐྲུན་མྱོང
ད་ནི སར་ལྷུང་བའི་ལོ་མ་ལ
བརླན་གཤེར་དང་ཉི་འོད་མཁོ་དོན་མི་འདུག
བྱིའུ་ཆུང་གི་གྲེ་འགྱུར་དང་ལོ་ཟླ་ཡི་རྨི་ལམ་ཡང་མཁོ་དོན་མི་འདུག
འཁྱག་གྲང་གི་ནམ་ཟླས་ས་ཆེན་གྱི་གསུས་ཁོག་གཤགས
ལྗང་ནེམ་གྱི་ལོ་མ་ས་ཆེན་གྱི་བྲང་ལ་འབྱར་ཡང
ངུ་ཤུམ་འདོན་མི་སྲིད་དེ
ཁེར་རྐྱང་གི་སྣང་བའང་ཡེ་ནས་འཁོར་མི་སྲིད
ད་ནི རི་ཆུའི་བརྩེ་བ་སྙིང་ལ་ཉར་བས་ཆོག
སྨོན་པའི་ནམ་མཁའ་སྔོན་པོ་ཡིན་པས་ཆོག
ད་ནི བསིལ་རླུང་འཇམ་པོ་ཞིག་གིས
རི་བོའི་ཕ་རོལ་ཏུ་ཁུར་ན་དེ་བས་ཀྱང་ཆོག
རྒས་ཟིན་པའི་མིག་མདངས་དང་འདྲ་བའི
རི་ལྡེབས་བརྒྱུད་པའི་ཉི་མ་ལ་ཕྱིར་བལྟས་མི་འདུག
དེ་ནི་གཏམ་རྒྱུད་དང་ལོ་རྒྱུས་གང་ཡང་མ་ཡིན
དེ་ནི་འཇིག་ཉེན་གྱི་ཚོར་བས་མ་ཟིན་པའི
དུས་མཚམས་ཤིག་གི་སྔ་ཕྱིའོ།
རབ་རིབ།
ངས་རྨི་ལམ་ནག་པོ་ཞིག་རྨིས་མྱོང
རྨི་ལམ་ནག་པོ་དེ་སྐར་འོད་ཕྲན་ཙམ་བཞིན
སྨག་རུམ་གྱི་ཟབ་ས་ན
མཚན་མོ་དང་ལྷན་དུ་ལྕུག་ལྕུག་སྐྱོམ་ཞིང་འདར
ངས་རྨི་ལམ་དཀར་པོ་ཞིག་རྨིས་མྱོང
རྨི་ལམ་དཀར་པོ་དེ་རྐང་རྗེས་ལེབ་མོ་བཞིན
དགུན་གཞུང་གི་ཁ་བའི་ཁྲོད
གྲང་ལྷགས་དང་ལྷན་དུ་རྒྱང་ལ་བྱེར་ཅིང་གྱེས
ངས་རྨི་ལམ་སེར་པོ་ཞིག་རྨིས་མྱོང
རྨི་ལམ་སེར་པོ་དེ
གངས་ཀྱི་རྩེ་ནས་ཉི་འོད་གྱོན་པའི་བྱ་ཆེན་བཞིན
ལོ་ཟླའི་རྒྱབ་ལོགས་སུ་ཡལ་ཅིང་མཆིས
ངས་རྨི་ལམ་སྔོན་པོ་ཞིག་རྨིས་མྱོང
རྨི་ལམ་སྔོན་པོ་དེ་མེ་ལོང་སྒོར་སྒོར་ཅིག་དང་འདྲ་བར
ཁུ་སིམ་གྱི་གཙང་བོའི་ནང་དུ
ནམ་མཁའ་སྔོན་པོའི་མཐའ་དང་ཡོངས་སུ་འདྲེས
ངས་རྨི་ལམ་དམར་པོ་ཞིག་རྨིས་མྱོང
རྨི་ལམ་དམར་པོ་དེ་མིའི་རིགས་ཀྱི་ཟུངས་ཁྲག་བཞིན
མེས་པོའི་དཔའ་གདེངས་ཁྲོད
གངས་རི་དང་རྩྭ་ཐང་གི་ཁྲག་རྩའི་སྦུབས་སུ་རྒྱུ
ངས་རྨི་ལམ་རབ་རིབ་ཅིག་རྨིས་མྱོང
རྨི་ལམ་རབ་རིབ་དེ་ལ་ཁ་དོག་ཡེ་ནས་མི་འདུག
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ས་དཀྱིལ་ཚེ་བཀྲའི་སྙན་ངག་ཚན་པ་བཞི།