ལྗང་སྨྱུག་གི་གསར་བྲིས་སྙན་ངག་དྲུག

1489639529533710.jpg

དངོས་མིང་བསམ་གཏན་སེང་གེའམ་པིར་མིང་ལྗང་སྨྱུག 1993ལོའི་ཟླ12པའི10ཉིན་ཁམས་ནང་ཆེན་སྡོམ་པ་རུ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།  འབྲོག་ཁུལ་དེར་མྱི་ལོ་ལྔ་ཙམ་ལ་སློབ་ཆུང་བཏོན། དེ་རྗེས་གཞུང་དབུ་ཚད་སོགས་དང་སྙན་ངག་བརྡ་སྤྲོད་སོགས་ལ་སྦྱང་བ་བྱས།  དོ་མི་མཉམ་པའི་འཇིག་རྟེན་གྱི་གྲུ་ཟུར་འདི་ནས་སྙན་ངག་ཟེར་བ2013ལོ་ཡར་མར་ཞིག་ལ་གསར་དུ་ངོ་ཤེས། དེ་ནས་བཟུང་སྙན་ངག་ཟེར་བ་འདི་ལ་ཁ་གཏན་ནས་འབྲལ་མ་ཕོད།     2015ལོའི་ལོ་སྨད་ལ་རང་གི་དགའ་ཕྱོགས་གཙོར་འཛིན་གྱིས་སྙན་དེབ་ཐོག་མ་《སྡོང་བོར་རྒྱབ་གཏོད་པ》ཞེས་པའི་སྙན་དེབ་གཅིག་འགྲེམས་སྤེལ་བྱས།  ལོ་དེ་ལ《གངས་དཀར་རི་བོ》དང་《ནང་ཆེན་དུས་དེབ》སོགས་སུ་སྙན་ངག་འགའ་བདམས་བཀོད་བྱས་ལ། 2017 ལོར་ཡང《གངས་དཀར་རི་བོའི》དུས་དེབ་དང་སྤྱི་དེབ་གང་རུང་ལ་རྩོམ་མང་པོ་སྤེལ།  རྒྱུན་དུ《རྫ་ཆུའི་རླབས་སྒྲའི》དྲ་ཚིགས་དང་《ཀྲུང་གོ་བོད་ཀྱི་རྩོམ་རིག་དྲ་བ》《བཙན་པོའི་མགར་གྱི་དྲ་བ》《རྨ་ཀླུང་རིག་གནས་དྲ་བ》སོགས་སུ་རྩོམ་འགོད་རྒྱུར་དགའ་བོ་ཡོད། ད་ལྟའང་མུ་འཐུད་ནས་སྙན་ངག་ཟེར་བའི་སྨྲ་བསམ་བརྗོད་འདས་དེ་འཚོལ་བཞིན་ཡོད།

སྙན་ངག་ལ་སྒེར་གྱིས་ལྟ་ཚུལ། སྙན་ངག་ནི་འབྲི་མི་ཤེས་བ་ཞིག་མ་ཡིན་མོད།  འོན་ཀྱང་།  དེ་འདྲ་འབྲི་སླ་མོ་ཞིག་དེ་བས་ཀྱང་མ་ཡིན། ཆོས་ལུགས་དང་སྲིད་ལུགས་གང་གིས་ཀྱང་ཚད་བཀག་མི་ཐུབ་པའི་གདོད་མའི་སེམས་གཤིས་ཁྲ་མོ་ལ་ཐ་སྙད་ཀྱི་རྒྱན་ཆ་བཏགས་ན་ད་གཟོད་སྙན་ངག་གི་མཛེས་པ་ཕྱི་རུ་མངོན་ངེས། །


༡. མ་ངེས་པའི་འདི་དག

ཁེར་རྐྱང་ལོ་མ་ལྗང་ཁུ་འཁྱག་རླུང་གིས་བསྡམས་ཤིང་།།

ཁྲུང་ཁྲུང་སྐེ་རིང་ཁྱུ་གཅིག་རང་ཡུལ་ལ་ལོག་དུས།།

སྒེར་ཡང་སྒྱུ་མའི་རྟ་ལ་སྒ་སྲབ་ཅིག་སྤྲད་དེ།།

ཕ་ཡུལ་རི་ཐང་ཀུན་ཏུ་ཐེངས་གཅིག་ལ་ཉུལ་འགྲོ།།


མཁའ་མཐའི་སྤྲིན་པ་དམར་སེར་རྒུམ་ཆང་གིས་བཟི་ནས།།

མིག་ཟུང་ལིང་ལིང་འཁོར་བའི་རི་ཆུ་ལ་ཞིབ་ལྟ།།

ཅང་མེད་ལས་ཀྱི་བུ་ཆུང་ཆུ་ཆེན་གྱི་བརྒྱུད་ནས།།

ལྷན་སྐྱེས་ངག་རིག་འབུམ་གྱི་མགུར་མ་ཞིག་བཞེངས་དགོས།།


ཀུན་བརྟགས་རྨི་ལམ་ཁྲ་བོས་མགོ་བསྐོར་དེ་ཆེ་སོང་།།

བདེན་འཛིན་བུ་མོའི་མིག་ཟུང་གཡོ་སྒྱུ་ཡིས་ཁེངས་སོང་།།

འདི་སྣང་འཁྲུལ་གྱིས་བཀོད་པའི་ཆོ་ག་རུ་བསམ་ན།།

དབེན་པའི་རི་སུལ་ནགས་ཀྱི་བུ་ཆུང་ཞིག་དྲན་འོང་།།


རས་གཟན་དམར་པོ་རླུང་གི་ཁ་མཐའ་ན་བཞད་ཡོད།།

ལྷན་སྐྱེས་ངག་ལ་མཛེས་པའི་ཕྱེ་ལེབ་དེ་འཁྲུངས་པའི།།

ཁེར་རྐྱང་བདེན་པ་ཁུར་བའི་ཚངས་དབྱངས་པའི་ཞལ་ནས།།

ངག་ལ་དབྱངས་ཀྱི་སྦྲང་ཆར་དངོས་གྲུབ་དུ་སྩོལ་ཤོག །


སྣང་སྲིད་འཁོར་འདས་འདི་ཚོ་རང་སེམས་སུ་ཤེས་ན།།

རང་བྱུང་རིག་པའི་མཛེས་པ་འདི་ཉིད་དུ་གདའ་སྐད།།

འཇིག་རྟེན་བདེན་པའི་རང་གཤིས་འདི་ཉིད་རང་ཡིན་སྐད།།

འཚོ་བའི་སྙིང་པོ་དོན་གྱི་གནས་ལུགས་སུ་ངེས་སོ།།


༢. ཉིན་དེ་དག་ལ།

ཀུན་རྫུབ་བད་ཁར་སྐྱེས་པའི་རྩ་སྐམ་རྐང་གཅིག །

བདེན་རྫུན་བློ་ཡིས་བཞག་པའི་རྨི་ལམ་རིང་མོ།།

ཡོད་ཡོད་བདེན་བདེན་འདྲ་བོའི་སྒྱུ་མའི་སྲན་མ།།

སྨྲ་ཤེས་ནེ་ཙོ་འུ་གཉིས་ཟ་སྐལ་ཡིན་པ།།


ཞོགས་པའི་རྩ་རྩེའི་ཟིལ་བ་ས་རུ་ཟགས་ཤིང་།།

རི་སྐེད་སྨུག་པ་ཉི་མའི་ཟེར་གྱིས་གཏོར་དུས།།

ལྷིང་འཇགས་དགོན་པའི་འདབ་ཀྱི་ཨན་ཆུང་ལོ་ལོ།།

སྣང་བ་རང་ཡན་གཏོང་བའི་དུས་ཚོད་བཟང་པོ།།


མ་དག་འདོད་པའི་ཁམས་ཀྱི་མཛེས་པ་མཐའ་དག །

ལས་ཀྱི་བག་ཆགས་དབང་གིས་བཀོད་པའི་ཆོ་ག །

ཚོགས་དྲུག་ཡུལ་དུ་གྱུར་དུ་ཆོ་འཕྲུལ་འདི་ནི།།

མི་བདེན་བདེན་པ་ལྟ་བུ་བློ་རུ་མཛེས་སོང་།།


སྐྲ་ཡི་ལོ་མ་རལ་གྲིའི་ཟས་སུ་ཕུལད་ཀྱང་།།

ངེས་འབྱུང་རླུང་གིས་ཁུར་བའི་བུ་ཆུང་འཁྱག་པ།།

ཕྱི་དྲན་ཞགས་པ་རིང་མོ་རླུང་ལ་འཕངས་དུས།།

མ་ངེས་སྐྱོ་བ་ཆེན་པོས་དངན་པ་ཤོར་སོང་།།


ཀུན་གཞི་ཆར་བ་ས་ཡི་པང་དུ་བཤམས་ཤིང་།།

དགེ་དང་མི་དགེའི་མེ་ཏོག་ལྟད་མོ་ཆེ་ཡང་།།

གཞན་དབང་སེར་བ་ནག་པོ་འདོག་ལ་བརྟགས་ན།།

ད་དུང་རང་ལ་དབང་བའི་ལམ་ཞིག་དཀོན་ནོ།།


༣. མཚན་མོའི་གཞས།

མགུར་སྙན་མོ་དྭངས་གཙང་ཆུ་ཆུང་འདི།།

ངའི་མདང་སུམ་གཉིད་ཀྱི་གཉིད་རོགས་ཡིན།།

ལམ་སྐྱ་མོ་སྟེང་གི་རྡོ་བ་དེ།།

ངའི་མིག་ལ་ཕོག་པའི་མེ་ཏོག་ཡིན།།


འདི་ཚེ་སྲོག་ཅིག་གི་དབུ་ཁྱུད་ཡིན།།

འདི་བརྩེ་བ་ཞིག་གི་ཆུ་མགོ་ཡིན།།

འདི་མི་སེམས་ཤིག་གི་ཕྱེད་ཀ་ཡིན།།

འདི་བཤད་ན་མི་ཐུབ་སྟོང་ཉིད་ཡིན།།


ཡུལ་འདི་སྣང་མིག་ལ་མཛེས་དང་གཅིག །

བློ་ཁྲ་མོ་ཞེན་ཆགས་ཆེ་དང་གཉིས།།

སྤྱིར་བདེན་པའི་སྒྲོ་འདོགས་མ་ཆོད་པས།།

བཙན་ཐབས་སུ་རལ་གྲི་མི་གཡུགས་སོ།།


མདངས་ཆེ་ལུགས་བཤད་ན་འདི་འདྲ་རེད།།

མདངས་བལ་དཀར་ཁ་ཆུ་ཅན་ཞིག་ཡིན།།

འགྱུར་མི་བྲ་ཞོ་འཐུང་རུས་པ་ཡིན།།

འགྱུར་མི་འདོད་གཏན་ཚིགས་བཀོད་ཟིན་ནོ།།


༤. བག་ཆགས་སད་པའི་གླུ།

ལྕི་དྲི་ལམ་ལམ་འཐུལ་བའི་འབྲོག་ཁུགས་ཤིག་ལ།།

སྣང་བ་ཡན་ག་བ་ཞིག་འགྱུ་བ་འདི་ཀོ །

ལས་ཀྱི་བག་ཆགས་སད་པའི་རྟགས་ཙམ་ཡིན་པས།།

མྱི་ཚེའི་འཕྲེང་ཐག་དཀར་པོ་འདི་རུ་གཅོད་ངེས།།


སྦྲ་མཐའི་བུ་མོའི་སེམས་པ་རི་ལ་སོང་འདི།།

རྫི་རོགས་ཆུང་ལོ་རི་ལ་འཁོར་བ་ཡིན་པས།།

དྲན་གདུང་སྨུག་པ་ནག་པོས་རི་མགོ་གཏུམ་དུས།།

ཁུ་སིམ་ལོ་མ་རྩེ་ནས་ཟིལ་བ་གཏོར་སོང་།།


བདག་གི་སྙན་ངག་འདི་ཚོ་དྭངས་ཤིང་གསལ་བས།།

བྲིས་བྲིས་ཆུ་ལ་ཐིམ་པའི་ངང་ཚུལ་འདི་ཀོ །

གདོད་མི་གཤིས་སུ་གྲུབ་པའི་ཚོར་བ་ལྗང་ཁུ།།

རྫོགས་མེད་ལོངས་སུ་སྤྱོད་པའི་སྐལ་བ་རྨད་དོ།།


རྟོག་འགྱུ་གསལ་མ་ནོག་གི་ར་བ་ནང་དུ།།

སྐྱིད་སྡུག་འདོམ་པ་བརྒྱད་ཅུའི་རི་མོ་བཀོད་དུས།།

མཐའ་བརྒྱད་སྤྲོས་དང་བྲལ་བའི་གནས་ལུགས་རྟོགས་ནས།།

དབྱངས་ཀྱི་ཚོར་བ་སྨྲ་བསམ་བརྗོད་པ་འདས་ཚོད།།


༥.བྱེ་མ།

གྲོག་མ་རྐེ་ཕྲ་ཞིག་སྟོང་བའི་དབྱིངས་ནས་རྒྱུ་ཞིང་།།

ཉི་མའི་ཟིལ་བ་ལ་སྤྲིན་གྱི་ཕོ་བྲང་བཞེངས་དུས།།

སྣང་བ་དགུ་སངས་ཀྱིས་ཆོས་ཉིད་སྟོང་པ་དྲན་སོང་།།

ཚོར་ཤེས་མེ་སྟག་འདི་འཚུབ་འཚུབ་སྐོར་བ་བྱེད་དུས།།

བྱ་རྒོད་སྒྲོ་ཟད་ཅིག་བྱེ་མའི་ཐང་ལ་ལྷུང་འདྲ།།


ཨ་ཙི་འདིར་སྣང་གི་ཕྱི་དོན་མེ་ཏོག་སྐྱ་བོ།།

ལས་དང་རླུང་དམར་གྱིས་ག་ས་གང་དུ་སྤུར་སོང་།།

མཛེས་པའི་འཆོར་སྒེག་ཀྱང་ཚད་པས་སྐོམ་དུ་བཞེས་ན།།

འཇིག་རྟེན་འཁོར་བ་འདི་རྨི་ལམ་ནག་པོའི་ཁ་དོག །

བདེན་པའི་ཞེན་ཡུལ་ལ་ཞེན་ཁ་ཨེན་ཙམ་ལོག་སོང་།།


༦. དོ་ནུབ།

མུན་པས་ལག་པ་སྦྲིལ་ནས་གནམ་ས་བསུམ་སོང་།།

སྟོང་པས་སྟོང་པ་དེད་ཅིང་ཚུར་ལ་ཡོང་དུས།།

གནམ་ས་ཐོད་པ་གཏུགས་ནས་ངལ་གསོ་མཛད་སྐབས།།

རྫི་བོའི་རྔུལ་ཆུ་ཐག་པའི་སྐལ་བ་ཡིན་བཞག །


འཕུར་ཤུལ་མེད་པའི་བྱེའུ་ཚང་དུ་ཡིབས་དུས།།

ཉིན་གཅིག་འདུ་འབྲལ་རི་མོ་བཀོད་འཚམས་དེ་ཡིན།།

ད་ནི་ཚོར་ཤེས་ལུ་གུ་ལྡིང་ཚད་དེ་ཡིན།།

རྨི་ལམ་གསར་བ་ཞིག་གི་ཞིང་དུ་ཆས་འགྲོ།།


ཚོར་བའི་གྲུ་གཟེངས་གཙང་བོའི་ངོགས་ནས་ཕེབས་དུས།།

ལྷིང་འཇགས་ཟླ་བ་གོར་གོར་མཚོ་ནང་སིམ་ཡོད།།

ཆུ་སྒྲ་ཤག་ཤག་ཨམ་ཅོག་རྩེ་རུ་འཁྱིལ་དུས།།

སྣང་བ་ཟིང་ཟིང་འདི་ཀོས་སྤྱན་གཉིས་བཙུམས་སོང་།།


ཀྱེ་མ་རྨི་ལམ་རྐུ་བའི་བུང་བ་ཁྲ་མོ།།

དོ་ནུབ་སྒེའུ་ཁུང་ཁ་རུ་ལིང་ལིང་འཕགས་དུས།།

འཆར་ཡན་འཁྱག་པ་མཚན་མོའི་ཕག་ལ་ཕིབས་ནས།།

སྐྱེ་བ་གསུམ་གྱི་སྡུག་བསྔལ་རླུང་ལ་བཤད་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།