ཀྲུང་གོ་བོད་ཀྱི་དྲ་བ།

ཆུང་འདྲིས་བྱམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་བྱང་།)དགེ་ལེགས་རྒྱལ་མཚན།   སྤེལ་དུས། : 2019-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁ་བའི་ལོ་མ་མར་བབས་ནས་སྒེའུ་ཁུང་ཡང་བསྣུབ་ལ་ཉེ་དུས།

ཁྱོད་ཀྱིས་ཁ་པར་ཞིག་གི་སྐུད་སྣེར་འཇུས་ནས་རྐང་འཇབ་ལག་འཇབ་ངང་།

ངའི་བསམ་གཞིག་གི་སྒོ་མོ་ཤེད་ཀྱིས་རྡུང་བཞིན་སླེབས།

དུས་དེ་ནས་བཟུང་།

སུ་ལའང་ཡོད་མ་མྱོང་བའི་ངའི་དྭངས་གཙང་གི་རྨི་ལམ་ཁད་ཀྱིས་དཀྲོགས།

ཕྱི་རོལ་ན་ཁ་བ་ཇི་ལྟར་ཆེ་ནའང་།

ཁྱོད་མེ་ཏོག་འཚོང་མཁན་གྱི་བུ་མོ་བཞིན་ངའི་སྒེའུ་ཁུང་འགྲམ་དུ་ལངས་དུས།

དེ་ལྟར་ཕེབས་དགོས་པ་ལས་དབང་དུ་སྒོམ་མཁན་ཡང་ང་ཡིན་པས།

བཅོས་མིན་གྱི་འཛུམ་མདངས་དེའི་ཆེད་དུ།

གཏམ་རྒྱུད་ཅིག་གི་དབུ་ཁྱུད་འབྲི་དགོས་པའང་གླགས་འགུག་གི་བྱེའུ་ཚོགས་ལ་གསང་མ་ཚུགས།


ཆུང་འདྲིས་བྱམས་པ།

ཁྱོད་ཀྱི་ལྷོད་ཤ་ཆགས་པའི་གཤིས་རྒྱུད་དང་།

ནམ་ཡང་དགོད་ལ་དགའ་བའི་རང་གཤིས་ཀྱི་གཡབ་མོའི་བར་ནས།

ཁྱོད་ལ་བཅངས་པའི་ཡིད་ཆེས་ཀྱི་གཞུང་རྟ་དེ་ཡང་།

དེ་ལྟར་འབུར་དགོས་པ་ཕྱིར་དྲན་གྱི་དྲན་ཤིང་རེ་ཙམ་བྱས་ན།

ད་ལྟ་འདས་དོན་ཞིག་ལ་ཁ་གཡར་ནས་སེམས་ཁོངས་ན་ཡོད་བཞིན་དུ།

ཁྱོད་ཁ་རོག་གེར་ཕེབས་དགོས་དོན་དེ་ཅི་ཡིན།

དེ་ལྟར་ངའི་ལོ་ཟླ་གྲངས་མེད་ཅིག་ལ་རེ་སྒུག་གི་ལག་ཟུང་བརྐྱངས་ནས།

ཆུང་འདྲིས་གླེང་། ཆུང་དུས་བྱམས་པ།

ཁྱེད་ཀྱི་ཆེད་དུ།

གཏམ་དང་མྱི་ཁའི་བར་ནས་ཡོད་ཚད་རིང་དུ་དོར་ཏེ།

ཁྱོད་ཡོད་སའི་སློབ་གླིང་གི་གྲུ་ག་རེ་རེ་དང་།

ཙོང་ཆུའི་འགྲམ་ངོགས་སུ།

སུ་ལའང་གླན་མ་མྱོང་བའི་དྭངས་གཙང་གི་སེམས་པ་དེ་ཁྱོད་ལ་གཏད་དེ།

སུ་ལའང་སྨྲས་མ་མྱོང་བའི་སྙིང་གཏམ་ཞིག་ཁྱེད་ལ་བྲིས་པ་ནས་བཟུང་།

ཁྱེད་ནི་ངའི་མི་ཚེའི་སྙིང་གྲོགས་ཅིག་ཡིན་ན་འདོད།


ཆུང་འདྲིས་བྱམས་པ།

ཅི་ཞིག་ལ་ཞེན་ཆགས་པའི་ཁྱེད།

ནང་སེམས་ལྷོད་ཡངས་རེ་བྱས་ནས་འདང་ཞིག་རྒྱོབ་དང་།

ངས་ད་དུང་ཁྱེད་ཀྱི་སྐྱེས་སྐར་ཡིད་ལ་དམ་པོར་བཟུང་ནས།

ཁྱོད་འདུག་སའི་མེ་ཏོག་ལྡུམ་རའི་དཀྱིལ་ནས།

ཁྱོད་དགའ་བའི་མེ་ཏོག་དེ་དག་ཁྱེར་ནས།

ཁྱེད་ལ་བསྒུག

འུ་གཉིས་ལག་གདང་སྦྲེལ་ཏེ་མི་ཚེའི་མཇུག་ལ་སྨོན་ལམ་བཏང་དུས།

ཁྱོད་ཀྱིས་བརྗོད་རིན་མེད་པར་བསམ་ཚེ།

ངའི་མཐོང་ལམ་གྱི་སྐར་ཚོགས་ཁྲོད།

ཁྱོད་ཀྱི་འཛུམ་མདངས་ཡོད་པའང་རྫུན་དུ་མཐོང་།

ཆུང་འདྲིས་བྱམས་པ།

ཁྱེད་ཀྱི་ཕ་ཡུལ་ན་སྟོན་མཇུག་གི་ལོ་མ་འཕུར་གྱིན་ཨེ་ཡོད།

ངའི་ཁྱེད་བཅངས་བའི་མཇུག་མཐའི་རེ་སྒུག་ཡིན་ཏེ།

ནམ་ཡང་ཡལ་རྒྱུ་ཞིག་ག་ལ་ཡོད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།