ཀྲུང་གོ་བོད་ཀྱི་དྲ་བ།

མཛའ་མོ་ཇ་ཤིང་མེ་ཏོག [གཞན་གསུམ]

ཡོང་ཁུངས། : ཚོར་བའི་དབྱངས་ལས་དྲངས།   རྩོམ་པ་པོ། : གསེར་དུང་སྙུགདཀར་མཛེས།   སྤེལ་དུས། : 2019-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚན་ལམ་རིང་མོ་ཟླ་བའི་གྲོང་ཁྱེར་ཡིན།།

རང་སེམས་དྲོན་མོ་ཁང་ཆུང་མར་མེ་ཡིན།།

ལོ་ཟླའི་སྲིབ་ཁ་རླུང་གིས་བརྡར་བ་དེ།།

མཛའ་མོ་ཡིད་ལ་ཆགས་པའི་དུས་ཤིག་ཡིན།།


འཇིག་རྟེན་གྲུབ་བཞི་མི་ཡི་རྒྱལ་ཁབ་ཡིན།།

ཕ་ཡུལ་ལུང་བ་རང་གི་གཞིས་ཁྱིམ་ཡིན།།

ཁྲག་གི་དྲོད་ལ་སྦས་པའི་ཉེས་མི་དེ།།

ལུས་ཀྱི་མཆོད་པ་འབུལ་སའི་སྙིང་ཆུང་ཡིན།།


དབྱངས་གསལ་སོ་བཞི་སྲོག་གི་དམི་ཐག་ཡིན༎

ཀ་ཁའི་སྦྱོར་ཀློག་ཁྱིམ་གྱི་བདེ་སྐྱིད་ཡིན།།

སྙན་ངག་གཤིས་ལ་འཐམ་པའི་བུ་ཕྲུག་དེ།།

བྱམས་པ་ཞེ་ལ་ཐོག་པའི་དམ་ཚིག་ཡིན།།


དཔྱིད།


རི་གྲོང་ཐལ་བ་ཉུང་དུ་བྱིན་ཏེ༎

ལྷོ་མཐའི་ཉི་འོད་རྒྱང་ན་འཚེར༎

ཆབ་རོམ་དཀར་བོ་དགུང་ལ་འཕྱིར་ཏེ༎

ཚིང་ཚིང་ནགས་ལོ་ལྗོན་པའི་སྐས༎


རྨི་ལམ་རྟ་ཁྱུ་མཁའ་རུ་གཤར་ཚེ༎

རྩྭ་ལོ་གཡོ་བའི་ལྗང་སྨྱུག་མཐོང་༎

ཁུགས་རྟས་གཅོས་སྐད་རྣ་བར་བརླག་ཚེ༎

འདམ་སྐྱེས་པད་མའི་མགོ་བོ་བསྒུར༎


ནོར་ལུག་ཁུལ་སྟོད་དབྱིངས་ལ་བསེད་དེ༎

རྭ་ལུག་འབའ་སྒྲས་རི་ཐང་གང་༎

བེའུ་ཆུང་འཚོ་བའི་བྱིས་པའི་རྩེ་རྡོ༎

ཆུ་འགྲམ་བྱེ་མའི་ཐང་དུ་ལྷག།


སྲོད་ཁའི་སྣང་བ་གསར་བ།


སྨུག་སྤྲིན་རབ་ཏུ་མཐུག་པོའི་བང་རུམ་ནས༎

རྟ་བདུན་དཀྱིལ་འཁོར་ཡངས་པོ་ནུབ་ཏུ་འཕགས༎

ཆར་བས་ངུ་གཤམ་བརྒྱབ་པའི་ཚེ་མཇུག་ནས༎

གནམ་ངོ་འོད་ཀྱི་གུར་ཁང་ས་གཞིར་འཕྲོས༎


ལྗོན་ཤིང་རལ་བ་སྟུག་པོའི་ཡལ་གའི་རྩེར༎

ཟིལ་ཆུ་དལ་གྱིས་ལྡིང་ནས་གཙང་ཆུ་འདྲེས༎

ཆོས་རྒྱལ་ཁྲུས་ལ་རོལ་བའི་བར་སྐབས་ནས༎

དགེ་སྡུག་མེ་ལོང་ཆེན་པོ་ཐེངས་གཅིག་བསྐུལ༎


ནུབ་རི་གཏུམ་དྲག་ཁྲ་བོའི་ཕྲག་སྟེང་ནས༎

འོད་ཀྱི་སྙེ་མ་སེར་བོ་ཐུར་དུ་ལྷུང་༎

སོ་ཕག་རྡོ་ཡི་ཁང་བཟང་ཉམ་དགའ་བ༎

རེ་ཞིག་ཟངས་མདོག་དཔལ་རིའི་གཟུགས་སུ་སྤྲུལ༎


འཁྲུལ་ལམ་རིང་མོའི་གཅོང་སྐད།


ཉི་ཟླ་གཟའ་ཡིས་བཟུང་བའི་སྤྲིན་ནག་གི་འོག་ན།།

ཆུ་བོ་གྱེན་ལ་འཐེན་པའི་རྐང་ལམ་གྱི་སྣེ་ན།།

ཁེར་འདུག་སྨྲེངས་གླུ་ལེན་པའི་སྨན་མོ་ཡི་ལས་ཀ།།

ཆ་བྱད་བུ་མོ་མཛེས་མའི་གཟུགས་བརྙན་ལ་འཁྲུལ་སྲིད།།


སྡུག་སྲིན་དམ་ལ་བཏགས་པའི་འཇིག་རྟེན་གྱི་ཁམས་ན།།

རྒྱ་མཚོར་གངས་རི་འཛུགས་པའི་སྣོན་བཅུད་ཀྱི་ཡུལ་ན།།

སྦྲ་ནག་གུར་གྱིས་ཉོ་བའི་དུག་ཅན་གྱི་ཚོང་བ།།

ཨ་ཕ་ཁ་ཁུར་སྣང་བས་མུན་སྒོམ་ལ་དད་སྲིད།།


ལུག་ཁྱུ་རི་ལ་འཁྱམས་ཡང་ལུག་རྫིས་ཤིག་མི་འདུག།

ཞིང་ཐང་ས་རྒོད་གྱུར་ཡང་རྨོ་མཁན་ཞིག་མི་འདུག།

དཔལ་འབྱོར་བོས་ཐུང་བཟུང་བའི་གཤེད་མ་ཡིས་ལས་མཁན།།

སྙིང་ཁ་དུམ་བར་གཙབ་ཡང་བྱམས་པ་ཞིག་སྒོམ་སྲིད།།


ཤེས་རབ་མཁའ་ལ་ཆད་ཡང་བརྩོན་འགྲུས་ཀྱི་གཤོག་པ།།

ཧམ་སེམས་ང་རྒྱལ་གཏོར་བའི་ཐོག་རྒོད་ཀྱི་འཕར་ཁ།།

འགད་རྫས་ཆུ་ལ་འཕང་བའི་ངར་ཤུགས་ཀྱི་རླབས་རིས།།

གྱོང་རྒུད་གཏེར་ཁ་བརླག་པའི་ཕ་སྐད་དེ་འགག་འདུག།


མིག་འབྲས་ཚང་ནས་བྲིས་པའི་མནར་གཅོད་ཀྱི་བྱ་འགུལ།།

སྒོ་ཁྱི་མགོ་བོས་སྤྲད་བའི་རྩེད་མོ་ཡིས་བྱེད་སྒོ།།

གཙུག་ལག་མེ་ལ་འཐིམས་པའི་རུལ་སོང་གི་བསམ་བློ།།

གོང་མ་རྡོ་ཡིས་རྟོག་པ་དེ་ཙམ་རང་མིན་ནམ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།